中国藏文学术期刊网
您的当前位置:首页> 搜索结果
为您检索到0条匹配字符
ཀྲུང་གོའི་བོད་རིག་པའི་ཕུལ་བྱུང་བརྩམས་ཆོས།
༄༅། །སེར་ཤུལ་རྫོང་གི་གསར་རྙེད་བྲག་བརྐོས་ཁག་མཚམས་ སྦྱོར་དང་དེའི་དཔྱད་ཞིབ།
རྩོམ་པ་པ:ཤ་བོ་མཁའ་བྱམས།

[ནང་དོན་གནད་བསྡུས། ] རྩོམ་འདིར་གནའ་དཔྱད་རྟོག་ཞིབ་སྐབས་ཀྱི་གབ་རིས་དང་གབ་སྤར། འདྲ་པར་བཅས་ལ་བརྟེན་ནས་ཉེ་བའི་ལོ་འགའི་རིང་སེར་ཤུལ་རྫོང་ནས་གསར་དུ་རྙེད་པའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཁག་མཚམས་སྦྱོར་དང་ཡིག་རྙིང་ངོས་བཤུས་བརྒྱུད། འབྲེལ་ཡོད་ལྷ་སྐུའི་སྒྱུ་རྩལ་དང་ཁྱད་ཆོས་གསལ་བཀྲོལ། དེ་བཞིན་དུས་ཀྱི་སྔ་ཕྱི་དང་སྐབས་དེའི་ལོ་རྒྱུས། ཆོས་ལུགས་དད་མོས་སོགས་ལ་དཔྱད་པ་གཅིག་བསྡུས་སུ་བྱས་ཡོད། 

[བརྡ་ཆད་གཙོ་བོ།] སེར་ཤུལ། བཙན་པོའི་དུས་རབས། བྲག་བརྐོས།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚང་མཚན་བྱང་།]A

[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-9060-2015-03-0155-11

 

བྲག་བརྐོས་རྙེད་སའི་ས་ཁོངས་དག་བཙན་པོའི་སྐབས་ཀྱི་ས་ཁོངས་དབྱེ་ལུགས་ནས་བལྟས་ཚེ་འདན་མའམ་དེའི་སའི་ཉེ་འབྲེལ་དུ་གཏོགས་ཤིང་། བཙན་པོའི་སྐབས་འབངས་ཚོང་བ་ལྔའི་གྲས་སུ་འདན་མ་དར་འཚོང་དང་སྨད་ཀྱི་ཁྲོམ་ཁ་གསུམ་གྱི་ཡ་གྱལ།   དེ་བཞིན་ཀློང་ཐང་སྒྲོལ་མ་ལྷ་ཁང་།  བཟོ་སྐྱུ་ར་ལྷ་ཆེན་ལུགས་སོགས་རིག་གནས་དང་ཚོང་འདུ་རྒྱ་ཆེ་བ་ལ།  རྒྱལ་པོ་བཀའ་ཐང་ཟིན་བྲིས་སུ་འདེབས་པ་པོ་འདན་མ་རྩེ་མང་སོགས་བློན་ཆེན་པོ་དང་ལོ་ཙཱ་བ་ཡང་མང་པོ་བྱོན་མྱོང་། བཙན་པོའི་རྒྱལ་རབས་མཇུག་ཏུ་ཡང་ཇོ་བོ་སེ་བཙུན་གྱིས་གཙོས་པའི་སྐྱེས་ཆེན་དམ་པ་མང་པོས་ཀྱང་བསྟན་པའི་མེ་རོ་གསོ་བར་བྱས་རྗེས་བླ་མེད་བཞག་ཡོད་ཅིང་། གནས་འདི་བཙན་པོའི་སྐབས་ཀྱི་ས་གནད་འགག་ཆེ་བ་ཞིག་ཡིན་པ་གོང་གི་ལོ་རྒྱུས་ཡིག་ཚང་ཕུད། བོད་ལྗོངས། མཚོ་སྔོན། སི་ཁྲིན་བཅས་ཞིང་ཆེན་གསུམ་གྱི་འདུས་གནས་འདིར་བོད་ཁུལ་དུ་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེ་བའི་བཙན་པོའི་སྐུ་དུས་སུ་བཞེངས་པའི་བྲག་བརྐོས་སྐུ་འདྲ་དང་ཡི་གེ་རྙེད་པས་ཀྱང་ར་སྤྲོད་ཞུ་ནུས།

རྩོམ་འདིར་ངོ་སྤྲོད་གཙོ་བོར་ཞུ་བར་ས་ཁུལ་མི་འདྲ་བ་ཁག་བཞི་ཡོད་ལ། རྩོམ་འབྲིའི་དགོས་མཁོ་དང་བྲག་བརྐོས་རྒྱུ་ཆའི་མང་ཉུང་ལ་གཞིགས་ནས་རྫ་ཆུའི་འབབ་རྒྱུད་ཀྱི་ཁྲོམ་བཟའ་འོག་མ་ཤང་ཤུག་པ་གནས་རིའི་རི་འདབས་ཁག་ཅིག་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ལོ་ཕྱུག་གྲོང་བརྡལ་ས་ཆའི་བྲག་བརྐོས་ཁག་གཉིས་སུ་བགོས་ཡོད།

 

དང་པོ། ཤུག་པ་གནས་རིའི་བྲག་བརྐོས།

 

ཤུག་པ་གནས་རིའི་བྲག་བརྐོས་ཁག་དང་དགོན་གསར་གྲོང་། དབྱེར་གོ་གྲོང་ཚོའི་བྲག་བརྐོས་ཁག་སྤྱི་ལོ་2012ལོ་ནས་2013ལོར་གསར་དུ་རྙེད་ཅིང་བོད་ཀྱི་ལོ་རྒྱུས་དང་ཀྲུང་གོའི་གནའ་དཔྱད་ལོ་རྒྱུས་ཐོག་ནུས་པ་དམིགས་བསལ་ཐོན་པས་ན། སྤྱི་ལོ་2013ལོའི་ཀྲུང་གོའི་གནའ་ཤུལ་གསར་རྙེད་ཆེན་པོ་བཅུའི་ནང་དུ་འདེམས་ཐོན་བྱུང་ཡོད་ཅིང་། འདི་ནི་སྤྱི་ལོ་1996ལོར་གཏེར་ལམ་བཙན་པོའི་བང་སོ་ཚུད་པ་ནས་བྱུང་བའི་བོད་འབྲེལ་གནའ་ཤུལ་གལ་ཆེན་གསར་རྙེད་ཨང་གཉིས་པ་ཡིན། སྤྱི་ལོ་2013ལོའི་སི་ཁྲོན་རིག་དངོས་ དེབ་དྲུག་པར་ཐེངས་འདིའི་བརྟག་དཔྱད་སྙན་ཞུ་བཀོད་ཡོད་ལ། སྙན་ཞུ་དེར་གནའ་ཡིག་གི་ཁྱད་ཆོས་དོར་བ། ཕབ་ནོར་མང་བ། ལོ་རྒྱུས་ཀྱི་འགག་གནད་མ་ཁྲོལ་བ་སོགས་ཀྱི་གནད་དོན་ཚབས་ཆེ་བས།  རྩོམ་པ་པོས་རྟོག་ཞིབ་སྙན་ཉུ་འབྲི་མཁན་དང་བཀའ་མོལ་བརྒྱུད། གཞི་དང་པོའི་འདྲ་པར་དང་གབ་རིས (临摹)གབ་སྤར་(拓片) བཅས་ཀྱི་རྒྱུ་ཆ་རྨང་བྱས་བྲག་བརྐོས་རི་མོ་ཁག་མཚམས་སྦྱོར་དང་ཡི་གེ་ངོས་བཤུས་བྱས་ཡོད།

ཤུག་པ་གནས་རིའི་བྲག་བརྐོས་ཁག་གནས་རིའི་རི་འདབས་ཀྱི་བྲག་དང་རྡོ་ངོས་མི་འདྲ་བ་ཆེ་ཆུང་དུ་མའི་ངོས་སུ་བརྐོས་ཡོད་ལ། བྲག་བརྐོས་ཁག་གི་གཡོན་འདབས་སྒོམ་ཁང་དུ་ཚུད་ཡོད་ཅིང་། གནའ་དཔྱད་རྟོག་ཞིབ་སྙན་ཞུ་ལྟར་ན་རི་མོ་དང་ཡི་གེ་ཁག་མི་འདྲ་བ་བཅུ་གསུམ་དུ་བགོས་ཡོད་ཅིང་དེའི་ནང་ཡིག་རྙིང་ཁག་བརྒྱད་ཡོད།

བྲག་བརྐོས་ཁག་དང་པོ་དེ་རྡོ་ལེབ་མོ་དཀྱིལ་བཀས་པ་ཞིག་གི་གཡོན་ཕྱོགས་སུ་བྱང་སེམས་ཀྱི་རྣམ་པར་སྣང་བའི་བཞེངས་སྐུ་ཞིག་པད་འདབ་ཉིས་བརྩེགས་ཀྱི་སྟེང་སྐུ་ལ་ཕྱུ་བ་མནབས་ཅིང་སྐ་རགས་བཅངས་པ། དབུ་ལ་དབུ་རྒྱན་རྩེ་གསུམ་དང་ཕྱག་ལ་པདྨ་བསྣམས་པའི་གཡས་འགྲམ་དུ་བོད་ཡིག་ཐིག་ཕྲེང་དྲུག་འཁོད་ཡོད་ཅིང་། ཐིག་ཕྲེང་བཞི་བ་དང་ལྔ་བའི་དབུ་དང་དྲུག་པའི་ཡི་གེར་བྲག་ངོས་ཞིག་པས་མི་གསལ་བ་བྱུང་ཡོད་ལ། ཡི་གེའི་མཇུག་ལ་ཕྱག་ཐམ་ལྟ་བུའི་རི་མོ་ཆུང་བ་ཞིག་བརྐོས་འདུག

མ་ཡིག □□སངས་རྒྱས་ཀུན་/ གྱིས་ཐུགས་རྗེར་དགོང་

/ཾས་སུཾ་ཐུགས་རྗེ་ཆར་བཞྀན་/འབོབས།།སེཾས་ཅན་ཀུན་གྱྀ་

སྡུག་/

་བསལ། །མ་རྀག་མུན་/□□ིས་བསྩལ། །དེ་ཕྱིར་ཁྱོད་

/□□(ཕྱག་ཐམ་ལྟ་བུའི་རི་མོ་ཞིག་འདུག)

བྲག་བརྐོས་ཁག་གཉིས་པ་དེ་གནས་ཡུལ་བྲག་བརྐོས་དང་པོའི་གཡོན་ཕྱོགས་སུ་ཡོད་ཅིང་། རྡོ་ནར་མོ་རིང་བོ་ཞིག་གི་དབུ་སྟོད་དེར་གཟུངས་སྔགས་བོད་ཡིག་ཏུ་ཕབ་པ་དང་འདབས་སུ་བོད་ཡིག་ཡི་གེ་གཉིས་ཀྱི་བར་རྡོ་ངོས་མི་སྙོམས་པས་བར་སྟོང་ཡིན། ་སྐྲི་ཏ་དང་བོད་ཡིག་སོ་སོར་ཐིག་ཕྲེང་བཞི་ཡོད་ལ། བོད་ཡིག་ཐིག་ཕྲེང་ཀུན་གྱི་དབུ་རྡོ་ངོས་ཞིག་པས་མི་གསལ། གོང་འོག་བར་གསུམ་དུ་ཕྱིས་སུ་བརྐོས་པ་དང་རྩི་དཀར་པོ་བྱུགས་པའི་མ་ནི་ཡིག་དྲུག་ཀྱང་ཡོད།

མ་ཡིག ཨོ་ཏར་ར་ཐ་ཨོམ་ཨ་ན་ལེ་ཨ་/ན་ལེ་བཱྀ་ཤ་

དེབཱིཤདེབཱེར་བྲེ་རབཛངྷོ/ བཱན་དྷ་བཱན་དྷ་ན་བཱཛབཱ་ན་ཕཊ་ས

 ཧུཾ་ཧུཾབཱན་དྷཕཊ/ སྭ་ཧའ།།སྲུང་ཤྀག་སྲུང་ཤྀག། :: 

□□ཡོན་གིས། བཚན་ཕོ་ཁྲྀ་སྲོང་ལྡེ་བརྩན་ཡབ་

/□□རྨོག་མཐོ་བར་སྨོན་ཏོ།། (གཡུང་དྲུང་རྟགས ) །། 

མཐའ་ཡསམུ་/□□ྱལ་བའྀ འཇྀག་རྟེནན་སེམས་

ཅན་ཐཾས་ཅད་སྡུག་བསྔལ་/ལས་བསྒྲལད་ཏེ་བླ་ན་མྱེད་པའི་

ཆོས་དང་ནམ□□

བྲག་བརྐོས་ཁག་གསུམ་པ་དེ་བྲག་བརྐོས་ཁག་གཉིས་པའི་གཡོན་ངོས་སུ་རྡོ་ལེབ་མོ་གཅིག་གི་དཀྱིལ་དུ་ནང་ཟེར་མ་མེ་སྟག་ཙམ་མཆེད་པའི་རྒྱབ་ཡོལ་དང་འོད་གོར་གྱི་དཀྱིལ་དུ་འོད་དཔག་མེད་ཀྱི་སྐུ་པད་འདབ་ཉིས་བརྩེགས་ལ་དཀྱིལ་དྲུང་གིས་བཞུགས་ཤིང་། དབུ་ཐོར་ཚུགས་དང་ཕྱག་མཉམ་བཞག་བྱས་པ་དཔུང་རྒྱན་དང་ལྡན་ལ། སྐུ་སྟོད་ལ་དར་གྱི་ལན་བུ་ཞིག་ཕྲག་པ་གཡོན་ནས་མན་འོག་ལ་འཁྱིལ་བ། སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་པ། སྐུའདྲའི་སྤྱིའི་མཐོ་ཚད་ལ་རྨིད་0.85ཡོད། སྐུ་གཡོན་སྟོད་དང་གཡོན་ཞབས་སུ་བོད་ཡིག་འཁོད་ཡོད་ལ། རྡོ་ངོས་ཕལ་ཆེ་བ་ཞིག་པས་ད་ལྟ་ང་ཚོས་མཇལ་ལམ་དུ་ཡོད་པའི་ཡི་གེ་ཐིག་ཕྲེང་དྲུག་ཙམ་ལྷག་ཡོད།

མ་ཡིག □□སྐུ་ནྀ་རིན་ཅེན་ཤེལ་དག་བཞིན་/□□ 

དར་དཀར་བབ་པ་འདྲ།།འཁོར། /□□་བུ་ས་བཅང་།། 

/□□་བ་དྔ་བེེ་

□□སྐྱེས་/□□་།།/□□ཐོང་ཅོག་ནི་གྲོལ་ཐྼ་ཏེ།།དེ་ཕྱིར་ལ་ཕྱག་འཚལ་ལོ།།

བྲག་བརྐོས་ཁག་བཞི་པ་དེ་བྲག་བརྐོས་ཁག་གསུམ་པའི་གཡོན་ངོས་རྡོ་ཟུར་གསུམ་དབྱིབས་བྱས་པའི་སྟོད་ལ་ཕྱི་མེ་ལྕེ་མཆེད་པའི་རྒྱབ་ཡོལ་དང་འོད་གོར་གྱི་ནང་དུ་རྣམ་པར་སྣང་མཛད་ཀྱི་སྐུ་པད་འདབ་ཉིས་བརྩེགས་ལ་དཀྱིལ་དྲུང་གིས་བཞུགས་ཤིང་། དབུ་ཐོར་ཚུགས་མཐོན་པོར་དབུ་རྒྱན་རྩེ་གསུམ་མ་ལྡན་པ། ཕྱག་གཉིས་མཉམ་བཞག་དང་དཔུང་རྒྱན་ཡོད་པ། སྐུ་སྟོད་ལ་དར་གྱི་ལན་བུ་ཞིག་ཕྲག་པ་གཡོན་ནས་མཆན་འོག་ལ་འཁྱིལ་ཡོད་ཅིང་། སྐུ་སྨད་ལ་དར་སྨད་གཡོག་བནབས་ཡོད། སྐུ་འདྲའི་སྤྱིའི་མཐོ་ཚད་ལ 0.64དང་། སྐུ་འདྲའི་གཡོན་འདབས་སུ་བོད་ཡིག་ཐིག་བརྒྱད་བརྐོས་ཡོད་ལ། སྐུའི་གཡོན་དང་ཡི་གེ་གོང་དུ་རྒྱ་ཞེས་པ་ཞིག་བྱུང་ཡོད།

མ་ཡིག ༄།། བསོད /ལྷུན་གྱས་གྲུབསོ

སྐུ། བསྒྲིབས/ཆོས; རྣཡོངསུ་བསྩལྡ། །བྱང་ཆུབ་

མཆོག་རྙེད་ཀུན/ཁབ།། ལྷུན་ཀྱིས གྲུབཡེ་ཤེས་

བཞིན། དམྱིགསམྱེད་མཉ  རྣམསཡེ་མ་བྱེད།།/

མཱ་ར་རྟག གཡུང་དྲུང་སྟེ།།རྣ པརསྣངམཛད

ཡང་དག་པས།  བདག་གགསོལ་/ཅིང་མཆོད་ཕྱག་

འཚལ།།  །།གཅུང ཀྱསློབ: ་སྨན་ལེགས་གུས

པའསེམས  ཀྱིས: □□/འགྲོབའསེམསཅན་སུ་

ཞིགགིས། །མཐོང་སྟེཕྱག་འཚལ་ས་ནསུ།།ཀླགས ང་

མཉནཏེབསྟན་པདང་།། /  ལུས   སེམས

ཆནཀུན།།བླ་མྱེད་བྱངཆུབ: གྲུབ་པར་སྨོན( གཡོན་འཁོར་གཡུང་དྲུང་རྟགས )

བྲག་བརྐོས་ཁག་ལྔ་པའི་གནས་ཡུལ་ནི་བྲག་བརྐོས་ཁག་བཞི་པ་གནས་སའི་རྡོའི་རྒྱབ་ཟུར་ངོས་སུ་བརྐོས་ཡོད་ལ།  སྤྱིའི་ཐིག་ཕྲེང་བདུན་ཡོད། ལོ་ཟླའི་ཆར་ཆུས་ཅུང་མི་གསལ་བ་ཆགས་ཡོད།

མ་ཡིག ༄།། ཕྱོགས་འདིའི་དཀོན་མཆོག་ཐ/ཅད་

ལ། །རྗེསུ་ཡ་རང་སྨོན་པ་ནི།། བཙན་པོ་ཡབ་སྲས་སེམས་

ཅན་ཀུན།། སྡག་/པ་གྲངས་མྱེད་ཞུ་བ་སྟེ།།བླ་མྱེད་བྱང་ཆུབ་

གྲུབ་/པར་སྨོན།།བདག་ཉིད་ཚེ་རབས་གར་/སྐྱེས་ཀྱང་།།བླ་

མྱེད་ལམ་ད་ཡོང་མྱ་འདའ། /བསམ་པ་ལྷུན་ཀྱིས་གྲུབ་པར་སྨོན།།

བྲག་བརྐོས་ཁག་དྲུག་པ་དེ་བྲག་བརྐོས་ལྔ་བའི་སྟེང་གི་རྡོ་ལེབ་མོའི་སྟེང་དབུས་སུ་པད་འདབ་ཉིས་བརྩེགས་ལ་རྒྱལ་ཡོལ་དང་འོད་ཀོར་གྱི་ནང་དུ་རྒྱལ་བ་དོན་ཡོད་གྲུབ་པ་དབུ་རྡོ་ལེབ་མོའི་སྟེང་དབུས་སུ་པད་འདབ་ཉིས་བརྩེགས་ལ་རྒྱལ་ཡོལ་དང་འོད་ཀོར་གྱི་ནང་དུ་རྒྱལ་བ་དོན་ཡོད་གྲུབ་པ་དབུ་ཐོར་ཚུགས་མཐོན་པོར་དབུ་རྒྱན་རྩེ་གསུམ་མ་ལྡན་པ། ཕྱག་གཡས་མཉམ་བཞག་དང་ཕྱག་གཡོན་ཆོས་འཆད། སྐུ་སྟོད་ལ་དར་གྱི་ལན་བུ་ཞིག་ཕྲག་པ་གཡོན་ནས་མཆན་འོག་ལ་འཁྱིལ་ཞིང་། སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་པ། སྐུ་འདྲའི་སྤྱིའི་མཐོ་ཚད་ལ་རྨིད་0.47ཡོད། སྐུ་འདྲའི་གཤམ་དུ་བོད་ཡིག་ཡོད་ཅིང་། སྤྱིའི་ཐིག་ཕྲེང་དྲུག་ཡོད་ལ། ཆ་ཚང་ལ་གསལ་པོར་གནས་ཡོད།

མ་ཡིག ༄།།རྣཾ་པར་དག་པའྀ་སྐུ་མཆོག་མཛེས་པའྀ་

གཟུགས།།ཡེ་ཤེས་རྒྱ་/མཚོ་གསེར་གྱྀ་རི་རབ་འདྲ།།གྲགས་པས་

འཇྀག་རྟེན་ཁྱབ་པར་རབ་ཏུ་སྣང་།།/རབ་དུལཾ་སྟོན་རྣཾ་པྼ་

མྱྀག་བཙུམསྤ།།འགྲོ་ལ་ཁྱོད་ནྀ་ཉི་མ་བཞྣྀ་དུ་སྣང་།།/ནཾ་ཀའྀ་

རང་བཞིན་ཤིན་དུ་གྲོལ་བཻ་སེམས།།སྙྀང་རྗེ་གྲགསྤ་ཡྡི་འྔོ་འཇྨ་

པཻ་ཚིག། /ཐབས་དྔ་ཤེས་རབ་ཟུང་དུ་འབྲེལ་པས་སེམས་ཅན་

སྒྲོལ།།དེ་བས་/ཕྱག་འཚལ་མཆོད་ཅིང་སྐྱབསུ་མཆི།།

བྲག་བརྐོས་ཁག་བདུན་པའི་གནས་ཡུལ་བྲག་བརྐོས་ཁག་དྲུག་པའི་ནུབ་ཕྱོགས་སྒོམ་ཁང་གི་བར་ཏུ་འཁེལ་ཡོད་ལ།གཟུངས་སྔགས་དང་སྨོན་ལམ་བཅས་ཐིག་ཕྲེང་བཅུ་གཅིག་ཡོད།

མ་ཡིག ༄། ཨོཾ་བཛྲྀ་ཀྲོ་ངྷ་མ་ཧ་བྷ་ལ། /ཧུམ་པཏ་སྭ་

ཧ།།གསང་བཻ་མཚན་ནྀ་/ཕུན་སུམ་ཆོགས།།ཤེས་རབ་ཡོད་པ་

སྟོབས་/པོ་ཆེ། སྤྱྀ་བོར་དབང་སྐུར་ཡིད་ཀྱང་རྣོ།།མཚྣ་/དང་

ཡང་དག་ལྡན་པ།།སྤྱར་ཚུལ་ཁྲིམས་/ཤེས་རབ་ཆེ།།རྫུ་

འཕྲུལ་ཆེ་བ་སྟོབས་པོ་/ཆེ།།བསོད་ནམས་ཆེ་བ་མཐུ་ཡང་ཆེ།

ཡོན་/ཏན་ཆེན་མོ་སྟོབས་པོ་ཆེ།།རྫུ་འཕྲུལ་ཆེན་/པོ་ཁྱོད་ལ་

ཕྱག་འཚལ་ལོ།།སྔགས་དྔ་

ཚིག་འཆད་འདྀ་བྲིས་པ་ཡོན་གྱིས་བཙད་པོ་ཡབ་སྲས་/

ཚེ་རིང་དང་སེམས་ཅན་ཐམས་ཆད་བླ་ན་མྱེད་པའི་བྱང་ཆུབ་

དུ་གྲུབ་པར་སྨོན་ཏོ།།མ་ལེགས་གོང་གིས་བྲིས་སོ།།

བྲག་བརྐོས་ཁག་བརྒྱད་པའི་གནས་ཡུལ་སྒོམ་ཁང་གི་ཕྱི་ལོགས་སུ་ཡོད་ལ། སྤྱིའི་ཐིག་ཕྲེང་གཉིས་ཡོད།

མ་ཡིག༄།།གཅུང་ཀྱྀ་སློབ་་་/ཡུལ་ཟིགས་ཀྱྀ་སྨོན་ལཾ་

གསོལ་བ།

 

གཉིས་པ། ལོ་ཕྱུག་གྲོང་བརྡལ་དུ་གནས་པའི་བྲག་བརྐོས།

 

ལོ་ཕྱུག་གྲོང་བརྡལ་ས་ཆར་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཁག་བཞི་ཡོད་ལ། དེ་དག་ནི་བྲག་ལྷ་མོ་དང་ལོ་ཕྱུག་གྲོང་། དགོན་གསར་གྲོང་། དབྱེར་གོ་གྲོང་ཚོ་བཅས་ཡིན།བྲག་ལྷ་མོའི་ཡི་གེ་འདི་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བར་འཇར་མན་དུ་བཞུགས་པའི་དགེ་བཤེས་པདྨ་ཚེ་རིང་དང་དབྱིན་ཇིའི་རས་ཆར་རྡི་སིང་ནས་ཕྱི་ལོགས་སུ་རྩོམཡིག་སྤེལ་ཡོད་པ་ནས་བྲག་བརྐོས་ཡི་གེ་དང་རི་མོའི་སྐོར་ལ་རྩོམ་མང་པོ་ཡོད། ཡིན་ཡང་རྩོམ་ཡིག་དེ་དག་ལ་ཡི་གེ་ཀ་པའི་གནས་ཚུལ་བྱུང་བ་ལས་ཡི་གེ་ཁ་བའི་གནས་ཚུལ་ཞིབ་ཏུ་བྱུང་མེད། ཁག་གཞན་པ་གཉིས་སྤྱི་ལོ་2012ནས་སྤྱི་ལོ་2013ལོར་གསར་དུ་རྙེད་པའི་གྲས་ཡིན།བྲག་ལྷ་མོའི་བྲག་བརྐོས་འདི་བྲག་ངོས་སྙོམས་པོ་ཞིག་གི་དཀྱིལ་དུ་སེང་ཁྲི་པད་གདན་སྟེང་ཕྱི་ཟེར་མ་འཕྲོ་བའི་རྒྱབ་ཡོལ་དང་འོད་གོར་གྱི་ནང་དུ་རྣམ་པར་སྣང་མཛད་ཞབས་གཉིས་དཀྱིལ་དྲུང་དང་ཕྱག་གཉིས་མཉམ་བཞགདབུ་རྒྱན་མེ་ཏོག་ལྟ་བུ་ལ་དཔུང་རྒྱན། ལག་གདུབ། སྐེ་རྒྱན་དཀྲིས་པ། དར་ཕྲ་མོ་གཅིག་གིས་ཕྲག་གཡས་པ་ནས་མཆན་འོག་གཡོན་མར་གཡོག་ཡོད་ཅིང་། སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་ཡོད་ལ། སྐུའི་མཐོ་ཚད་ལ་རྨིད་3.6ཡོད། གཡསགཡོན་གཉིས་སུ་ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས་གཉིས་པད་འདབ་ཉིས་བརྩེགས་སྟེང་ཀེར་བཞེངས་སྐུར་ཕྱག་ནང་མ་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ལ་ཕྱག་ཕྱི་མ་གཉིས་ཀྱིས་མེ་ཏོག་རེ་བསྣམས་ཡོད་ཅིང་། དབུ་རྒྱན་མེ་ཏོག་ལྟ་བུ་ལ་དཔུང་རྒྱན། ལག་གདུབ། སྐེ་རྒྱན་ལྡན་པ། དར་ཕྲ་མོ་གཅིག་གིས་ཕྲག་གཡས་པ་ནས་མཆན་འོག་གཡོན་མར་གཡོག་ཡོད་ལ། སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་པ་དང་དབུར་འོད་གོར་ཡོད་ཅིང་། སྐུ་འདྲ་གཉིས་ཀྱི་མཐོ་ཚད་ལ་རྨིད་3.2དང་3.3ཡོད། སྐུ་འདྲའི་གཡོན་ཕྱོགས་སུ་མཆིས་པའི་ཡི་གེ་ཀ་བ་ལ་སྤྱིའི་ཐིག་ཕྲེང་བདུན་དང་དེའི་གཤམ་དུ་རྒྱ་ཡིག་ཡི་གེ་□杨二造仏也 ཡོད་ལ། སྐུ་འདྲའི་གཤམ་གྱི་ཡི་གེ་ཁ་བ་ལ་སྤྱིའི་ཐིག་ཕྲེང་བཞི་ཡོད།

མ་ཡིག་ཀ་པ། ༄།།བཙན་པོ་བྱང་ཆུབ་སེམས་དཔྰ་ཁྲྀ་

སྲོང་ལྡེ་བཙན་གྱྀ་སྐུའྀ་རིང་ལ་/བསོད་ནམས་ཆེ། དབུ་རྨོག་

བརྩན་ཏེ།

ཕྱོགས་བཅུར་མཐུ་སྐྱེས་ནས་ / □□□ཐེག་པ

ཆེན་པོ་མདཱོ་སྡེ་མྔ་མོ་ཞིག་གཏན་ལ་བབ་པར་བསྒྱུར་

ཏོ/□□□ཁྲི་རྒྱལ་ལ་སྩོགསྤ་བརྒྱ་སྟོང་ཕྲག་དུ་མ་ཞྀག་ཐྼ་པྼ་

ཞུགསོ/□□□གཙུག་ལག་ཁང་རྒྱས་པར་བརྩྀགསྟེ། རྐྱེན་

འབངས་དུ་རྗེ་ཞྀང་ལ་/པ་ལྡན་པར་ཕུལ། དམ་པའྀ་ཆོས་ནམ་

དུ་ཡྔ་མྱྀ་ིག་པར་/ཐེག་པ་ཆེན་པོ་བཞི་སྟེ་བརྟན་པར་བཞུགས་

སོ།།

མ་ཡིག་ཁ་པ། ༄།།སེམས་ཅན་གཅིག་གི་ ཐོགྨ་

མྱེད་པའྀ་དུས་ཙམ་གྱྀ་། སྐྱེ་ཤྀའི་རྣམ་གྲངས་སྙེད་ཀྱྀསུ། མྱྀ་

སྐྱེ་བོ་སེམས་ཀྱྀས་དོན་བྱ། དེ་ལྟར་དེ་བཞྀན་མ་ལུས་པཻ།

/□□□མྱྀ་བུ་མ་སྐྱིད་ལུས་ཀྱང་སྐྱིད་པྼ་སེཾས་ཅནམྱ་ངན་

བཟླ་བར་སེམས་བསྐྱེདོ། ཆོས་ནི་སྟོང་སྟེ་མྱི་བམྱྀགས་བ། ཤེས་

རབ་ཀྱིས་ནི་གསལ་རྟོགས་ཏེ། ཐྦས་མཁྶ་ལྡན་པ་ཎྀ་དོན་ལྡན་

པར། /དགེའ་བའྀ་རྣམ་གྲངས་ཀུན་རྫོགྶ་སྥྱད། དཾ་པཻ་ཆོས་ཀྱི་

གཞུང་འདྀ་དག་□□ཐོས་ནས་རྟོགསྟེ་ཡི་རང་བ། /བླ་ན་མྱེད་

པཻ་བྱང་ཆུབ་གྱི་ཕྱིར་བགྱི་པ་ཡིན་ཏེ་

ལོ་ཕྱུག་གྲོང་དང་དགོན་གསར་གྲོང་ནི་ཕན་ཚུན་ཐག་ཉེ་ལ་དེར་རི་མོ་ཁག་གསུམ་དང་ཡིག་རྙིང་ཁག་གཅིག་ཡོད།ཡིག་རྙིང་ཡོད་སའི་བྲག་བརྐོས་ཀྱི་སྟེང་ལ་རྒྱབ་ཡོལ་དང་འོད་གོར་ལྡན་པའི་པད་འདབ་ཉིས་བརྩེགས་སྟེང་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྐུ་དང་འདྲ་བ་དཀྱིལ་ཀྲུང་ཕྱེད་ཀ་ཅན། ཕྱག་གཡས་པ་བྲང་ཁར་བཀྱགས་པ། དར་ཕྲ་མོ་གཅིག་གིས་ཕྲག་གཡས་པ་ནས་མཆན་འོག་གཡོན་མར་གཡོག་ཡོད་ཅིང་། སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་ཡོད། སྐུའི་མཐོ་ཚད་ལ་རྨིད་0.4ཡོད་ཅིང་། སྐུའི་གཡས་གཤམ་དུ་ཡིག་རྙིང་ཐིག་ཕྲེང་གཉིས་ཙམ་བརྐོས་ཡོད།

མ་ཡིག ༄།།དགེ་སློང་དཔལ་/□□□ལོའ་སྤྱར་བའི་

ཡོན་དུ། □□□

དབྱེར་གོ་གྲོང་ཚོའི་སྐུ་འདྲ་ནི་ལོ་ཕྱུག་གྲོང་བརྡལ་འབའ་དགའ་ཞང་དབྱེར་གོའམ་དབེན་གུག་གྲོང་ཚོར་ཡོད་ལ། བྲག་ངོས་སྙོམས་པོ་ཞིག་གི་དཀྱིལ་དུ་ཕྱི་རྒྱབ་ཡོལ་དང་འོད་གོར་ལྡན་པའི་པད་འདབས་ཉིས་བརྩེགས་ཀྱི་སྟེང་དུ་རྣམ་པར་སྣང་མཛད་ཞབས་གཉིས་དཀྱིལ་དྲུང་དང་ཕྱག་གཉིས་མཉམ་བཞག དབུ་ཐོར་ཚུགས་མཐོན་པའི་མཐའ་ལ་དབུ་རྒྱན་རྩེ་གསུམ་ལྡན་པ་དང་ཟུར་གཉིས་ལ་དར་སྣེ་ཡོད་པ། དཔུང་རྒྱན། ལག་གདུབ། སྐེ་རྒྱན་དཀྲིས་པ། དར་ཕྲ་མོ་གཅིག་གིས་ཕྲག་གཡས་པ་ནས་མཆན་འོག་གཡོན་མར་གཡོག་ཡོད་ཅིང་།སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་ཡོད་ལ། སྐུའི་མཐོ་ཚད་ལ་རྨིད་3དང་། སྐུའི་གཡོན་ངོས་སུ་སྐུའི་མཚན་འཁོད་ཡོད། མ་ཡིག ན་མོ་རྣཾ་པར་སྣང་མཛད།

 

གསུམ་པ། བྲག་བརྐོས་སྐུ་འདྲ་དང་ཡིག་རྙིང་

ཁག་གི་ཁྱད་ཆོས་དང་དུས་རབས།

 

གོང་ནས་ས་ཁུལ་ཁག་མི་འདྲ་བ་ཆེ་བ་བཞི་ཙམ་གྱི་སྐུ་འདྲ་གཙོ་བོའི་ཁྱད་ཆོས་དམིགས་སུ་ཡི་གེའི་ལམ་ལ་ཕབ་ཡོད་ལ། ཡི་གེའི་ལམ་ནས་ང་ཚོས་སྐུ་འདྲ་ཀུན་གྱི་ཐུན་མོང་བའི་ཁྱད་ཆོས་ཁག་ཅིག་མཐོང་བ་ནི་གཤམ་གསལ་ལྟར་ཏེ།ས་ཆ་ཕལ་ཆེ་བར་རྣམ་པར་སྣང་མཛད་ཀྱི་སྐུ་བྱུང་ཡོད་པ་དང་སྐུ་འདྲའི་བཞུགས་སྟངས་ཀྱི་ཆ་ནས་རྣམ་སྣང་མངོན་བྱང་གི་སྐུ་ཡིན་པ། སྐུ་འདྲ་རྣམས་བྲག་ལ་བརྐོས་པའི་ལག་རྩལ་འདྲ་བ། པད་གདན་ཞེང་གི་ཆེ་ཆུང་མི་འདྲ་བ་ཉིས་བརྩེགས་ཀྱི་སྟེང་ལ་བཞུགས་པ་དང་དབུ་ལ་དབུ་རྒྱན། སྐུ་འདྲ་ཀུན་གྱི་ལུས་སྟོད་ལ་དར་ཕྲ་མོ་གཅིག་གིས་ཕྲག་གཡས་ནས་མཆན་འོག་གཡོན་མར་གཡོག་ཡོད་པ་དང་སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་ཡོད་པ། དེ་བཞིན་བཞུགས་སྐུ་ཀུན་ལ་མེ་སྟག་མཆེད་པའི་རྒྱབ་ཡོལ་དང་འོད་གོར་ལྡན་པ།ཐིག་རྩ་གཉིས་མཉམ་གཤིབ་དང་རྩེ་མོ་འབིགས་སུ་བཏོད་ཡོད་པ་བཅས་ཡིན་ལ། ཁྱད་ཆོས་འདི་དག་གིས་གོང་གི་སྐུ་འདྲ་ཀུན་རིག་གནས་ཀྱི་རྒྱུན་གཅིག་པ་དང་། དུས་ཚོད་ཀྱི་ཆ་ནས་ཀྱང་ཧ་ལམ་ཕན་ཚུན་བར་འབྲེལ་བ་ཡོད་པ་ཏན་ཏན་གསལ་བཤད་བྱས་ཡོད་པ་དང་། ཁྱད་ཆོས་འདི་དག་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་བརྐོས་པའི་ལྡན་མ་བྲག་བརྐོས་དང་ཏུན་ཧོང་ནས་ཐོན་ཅིང་ད་ལྟ་དབྱིན་ཇིའི་རྟེན་རྫས་ཁང་དུ་ཉར་བའི་ཞལ་ཐང་བར་ཆ་ཡོངས་སུ་མཚུངས་པ་མ་ཟད། ལེབ་ཁོག་གི་རྣམ་སྣང་དང་ཉེ་སྲས་བརྒྱད་བྲག་བརྐོས་མའི་བར་ཡང་ཁྱད་ཆོས་ཐུན་མོང་བ་ཡོད་ཅིང་།བྲག་བརྐོས་ཁག་བཞི་པར་གཡོན་འཁོར་གཡུང་དྲུང་ཡོད་པ་ཡང་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་གི་ལྷོ་བྲག་ལྡེའུ་ཅུང་དང་སྨན་ཐང་གི་བྲག་བརྐོས་སུ་ཡོད།དེ་བཞིན་འདིར་བྱུང་བའི་ཡིག་རྙིང་ཁག་ལ་ཡང་གུ་གེ་ཕྱིར་ལོག་དང་མ་ལ་ཡ་བཏགས་སྦྱར་བ། ཏིང་ཀྱོག་ཐིག་རྐྱང་བ་བཀོལ་བ། སྐུང་ཡིག་མང་བ། ཡི་གེའི་ཚེག་དཀྱིས་སུ་བཅུག་པ། གཟུངས་སྔགས་བོད་ཡིག་ཏུ་ཕབ་ཚུལ་དང་བཙན་པོ་ལ་བཚན་ཕོ།  རིན་ཆེན་ལ་རིན་ཅེན་གྱི་ཐ་སྙད་སྤྱོད་སྟངས། ནའི་རྗེས་སུ་འབྲེལ་སྒྲའི་གི་དང་ཀྱྀ། ལ་མཇུག་ད་དྲག་སྦྱར་བ། རྣམ་བཅད་ཀྱི་ཚེག་ཡོད་པ། དམིགས་བསལ་གྱི་སྐུང་ཡིག་པའི་དང་བའི་ཚབ་ཏུ་པཻ་དང་བཻ་བྱུང་ཡོད་པ། བཙན་པོའི་མཚན་དང་སྐབས་དེར་རྒྱུགས་ཆེ་བའི་མིའི་མཚན་བྱུང་བ་བཅས་ཀྱི་ཆ་ནས་གོང་གི་རི་མོའི་དུས་ཚིགས་དང་འདྲ་བར་བཙན་པོའི་སྐབས་སུ་འཁེལ་བ་མཚོན་ཡོད་ཅིང་། ད་དུང་མུ་མཐུད་ནས་བཟོ་དང་ཡིག་རྙིང་གི་དུས་ཚོད་ཀྱི་སྔ་ཕྱི་དགར་དགོས་ཚེ་སྐུ་འདྲ་དག་གི་ཐུན་མོང་བའི་ཆ་ལས་ཞིབ་ཕྲའི་ཆོས་མི་འདྲ་བར་འཇུག་དགོས། 

དེ་ཡང་ཤུག་པ་གནས་རིའི་རྣམ་པར་སྣང་མཛད་དང་འོད་དཔག་མེད། དོན་ཡོད་གྲུབ་པ་གསུམ་སྐུ་མི་འདྲ་བའི་དབང་གིས་རང་གི་ཕྱག་རྒྱ་དང་ཆོས་སྐུ་ལོངས་སྐུའི་ཆ་བྱད་ཟུར་དུ་བཞག་ན། ཆས་འདྲ་བའི་ཁྲོད་ནས་སྐུའི་མཐའའཁོར་དུ་མེ་སྟག་འདྲ་བའི་ཟེར་མ་འཇོག་སྟངས་ཀྱིས་ཁྱད་པར་དམིགས་བསལ་བ་མངོན་པ་ནི། འོད་དཔག་མེད་ལ་ཟེར་མ་འོད་གོར་དང་རྒྱབ་ཡོལ་གྱི་ནང་དུ་བཞག་ཡོད་པ་དང་། རྣམ་པར་སྣང་མཛད་ལ་ཟེར་མ་འོད་གོར་དང་རྒྱབ་ཡོལ་གྱི་ཕྱི་རུ་བྲིས་ཡོད་པ། དོན་ཡོད་གྲུབ་པར་རྩ་བ་ནས་ཟེར་མ་བྲིས་མེད། དེ་བཞིན་ལོ་ཕྱུག་གྲོང་བརྡལ་རྒྱུད་དུ་གནས་པའི་རྣམ་པར་སྣང་མཛད་ལ་མཚོན་ན། བྲག་ལྷ་མོའི་རྣམ་སྣང་ལ་འོད་གོར་ཐིག་རྩ་གཅིག་གི་མཐའ་ལ་མེ་སྟག་གི་ཟེར་མ་བཞག་ཡོད་པ་དང་། སྐུ་སྟོད་ཀྱི་དར་སྣེ་རྒྱབ་ཏུ་སྣེ་རིང་མོ་ཞིག་འཕྱང་ཡོད་པ་དེ་རྣམ་སྣང་གི་བྲག་བརྐོས་གཞན་གང་ལ་ཡང་མེད་ཅིང་། དཔུང་རྒྱན་དང་དབུ་རྒྱན་རི་མོ་འཁྱིལ་མ་ཞིག་བཞག་པ་བཅས་ཀྱི་ཆ་ནས་ཤུག་པ་གནས་རིའི་རྣམ་སྣང་མ་ཟད། དབྱེར་གོ་གྲོང་ཚོ་དང་ཡང་ཁྱད་པར་ཕྱེ་ཡོད་ལ། ཕྱི་མ་དེར་སྙན་དར་དང་དཔུང་རྒྱན། འོད་གོར་སྒོར་མོ་དང་མེ་སྟག་གི་ཟེར་མ་མེད་པ་བཅས་ཁྱད་ཆོས་དམིགས་བསལ་བ་ཆགས་ཡོད། གནའ་དཔྱད་རྟོག་ཞིབ་རིག་པའི་ལམ་ནས་དཔྱད་པ་བཏང་ཚེ་སྤྱིའི་ཆ་ནས་ཐུན་མོང་གི་ཁྱད་མངའ་བ། བྱེ་བྲག་གི་ཆ་ནས་སྐུ་འདྲའི་ཆ་ལུགས་མི་འདྲ་བ་དང་ཡང་ན་སྐུ་འདྲ་གཅིག་ལ་ཆ་ལུགས་མི་འདྲ་བ་བྱུང་བ་འདི་ས་མི་འདྲ་བར་ལུགས་དང་བཟོ་བོའི་ཁྱད་པར་བྱུང་བའམ་ཡང་ན་དུས་ཚོད་ཀྱི་སྔ་ཕྱི་ལ་འཇོག་དགོས། འོན་ཀྱང་རྩོམ་འདིར་བཀོད་པའི་སྐུ་འདྲ་དག་ས་ཁོངས་ནས་བལྟས་ན། ཡུལ་ཁུངས་གཅིག་ལ་གཏོགས་པ་དང་བཟོ་བོའི་སྟེང་ནས་ཀྱང་ཕན་ཚུན་བར་ལ་འབྲེལ་བ་ཡོད་པ་ཐུན་མོང་གི་ཁྱད་ཆོས་ལས་མཐོང་ནུས་ཤིང་། རྒྱུན་སྲོལ་གྱི་ནང་བསྟན་ལྷ་སྐུ་ལ་དེ་ལས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྐུ་འདྲ་གང་ཞིག་ཁོང་དང་འབྲེལ་བའི་གཞུང་ངམ་མ་ཡིག་ཅིག་ལ་བརྟེན་ནས་ཇི་མ་ཇི་བཞིན་འབྲི་བ་ལས་རི་མོ་བ་སྒེར་གྱི་སྒྱུ་རྩལ་གྱི་ཤན་ཤུགས་ཞུགས་མི་ཆོག་ཅིང་། དེས་ན་ས་ཆ་གཅིག་ལ་སྐུའི་ཕྱི་ཚུལ་མི་འདྲ་བའམ་སྐུ་འདྲ་གཅིག་ལ་འབྲི་ལུགས་མི་འདྲ་བ་བྱུང་བ་ངེས་པར་དུས་ཀྱི་སྔ་ཕྱིར་འཇོག་དགོས། རི་མོ་ཁྱད་པར་ཡོད་པའི་ཞོར་ནས་དེའི་གཡས་གཡོན་གྱི་ཡིག་རྙིང་ལ་ཡང་ཁྱད་པར་ཡོད་པ་སྟེ། དང་པོ་ཤུག་པ་རིའི་ཡིག་རྙིང་ཁག་གཉིས་པ་དང་ཁག་བཞི་པ་གཉིས་ཡིན། ཡིག་རྙིང་འདི་གཉིས་ལ་ཡིག་རྙིང་གཞན་ལ་མི་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངའ་བ་ནི་བྱེད་འབྲེལ་འཁྲུག་པ་དང་རྣམ་བཅད་ཀྱི་ཚེག་བྱུང་བས་ཡིན་ལ། བོད་ཁུལ་དུ་རྣམ་བཅད་ཀྱི་ཚེག་མངའ་བ་ངན་ལམ་སྟག་སྒྲ་ཀླུ་གོང་གི་རྡོ་རིང་དང་བསམ་ཡས་བཀའ་གཙིགས་རྡོ་རིང་། གུ་ཙིའི་རྡོ་རིང་གསུམ་ཡིན་ལ། ཡིག་རྙིང་ཁག་འདི་གསུམ་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་བསླངས་པ་ཡིན་པ་མ་ཟད། དེ་དང་མཚུངས་པར་ཡིག་རྙིང་ཁག་གཉིས་པ་འདིར་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་ཅེས་པའི་ཐ་སྙད་ཀྱང་བྱུང་ཡོད། གཞན་གཟུངས་སྔགས་འདི་ལོ་ཚིགས་གཏན་འཁེལ་བྱེད་པར་གནད་དུ་ཆེ་ལ། སྔགས་ཡིག་འདི་དང་ཆ་མཐུན་པ་སྤྱི་ལོ་781ལོ་ནས་བོད་ཀྱིས་བཟུང་བའི་ཏུན་ཧོང་ཡིག་རྙིང་དུ་མང་དུ་བྱུང་ཡོད་མོད། རྣམ་བཅད་ཀྱི་ཚེག་མ་ཟད་འགྱུར་ཁྱད་ཀྱང་བྱུང་ཡོད། (ཞིབ་ཏུ་འོག་ལ་གཟིགས)གོང་གི་ཡིག་རྙིང་དེ་གཉིས་ཕུད་གཞན་རྣམས་བཙན་པོ་ཁྲི་ལྡེ་སྲོང་བཙན་ནས་བཙན་པོ་ཁྲི་རལ་སྲིད་ཁྲིར་བཞུགས་པ་དང་སྤྱི་ལོ་822ལོར་བསླངས་པའི་ལྷ་སའི་རྡོ་རིང་གི་གོང་ལ་འཇོག་དགོས་བསམ་ཤིང་། ལྷ་སའི་རྡོ་རིང་འདིར་བོད་ཀྱི་ཡི་གེ་འབྲི་སྟངས་ཁྱད་པར་ཅུང་བྱུང་ཡོད་པ་ནི་ཚེག་འཇོག་ས་ཡི་གེའི་དབུ་དང་དོ་ཉམས་པ་ཡིན་ལ། ཚེག་ཡི་གེའི་དཀྱིལ་དུ་འཇུག་པའི་ཁྱད་ཆོས་འདི་ཁྲི་སྲོང་ལྡེ་བཙན་གྱི་མཇུག་དང་ཁྲི་རལ་བའི་སྐུ་ཚེའི་སྟོད་བར་གྱི་རྡོ་བརྐོས་ཁག་གི་ཐུན་མོང་བའི་ཁྱད་ཆོས་ཤིག་རེད།

ཡིག་རྙིང་གི་སྔ་གཞུག་ཕྱེ་བ་ལས་སྐུ་འདྲའི་ལོའི་སྔ་གཞུག་ལ་ཡང་དབྱེ་ཞིབ་བྱས་ཆོག་ལ། གོང་ལྷ་སྐུ་གཙོ་བོ་དག་ལས་ཤུག་པ་རིའི་རྣམ་པར་སྣང་མཛད་དེ་ཁྲི་སྲོང་ལྡེ་བཙན་རིང་འཇོག་དགོས་པ་དང་། སྐུ་འདྲ་གཞན་དག་ཁྲི་ལྡེ་སྲོང་བཙན་ནམ་ཁྲི་རལ་བའི་དུས་སུ་འཇོག་དགོས་ལ། ཁྲི་ལྡེ་སྲོང་བཙན་རིང་གི་སྐུ་འདྲ་དང་ཐུན་མོང་བའི་ཁྱད་ཆོས་ཡོད་པ་གོང་དུ་ཡང་བསྟན་ཡོད། དེ་བཞིན་སྐབས་འདིར་དོགས་སློང་ཞུ་དགོས་པ་ཞིག་ལ་དེ་སྔའི་ཞིབ་འཇུག་པ་ཀུན་གྱིས་བྲག་ལྷ་མོའི་ཡི་གེ་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་མཚན་ལ་གཞིགས་ཏེ་སྐབས་དེར་འཇོག་ཀྱིན་ཡོད་མོད། ཤུག་པ་གནས་རིའི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་རྣམ་སྣང་དང་དཔུང་རྒྱན། དབུ་རྒྱན་རི་མོ་འཁྱིལ་མ་ཞིག་བཞག་པ། དར་སྣེ་རྒྱབ་ཏུ་སྣར་བའི་ཆ་ནས་ཁྱད་ཆེ་ལ། ཡིག་རྙིང་གི་འགྲོ་སྟངས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་དང་མི་འཚམ་ལ། ནང་དོན་ལ་གཞིགས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ཆོས་ཀྱི་མཛད་འཕྲིན་སྤེལ་བ་བཤད་པ་ཙམ་ལས་ཡི་གེ་འདི་སྐབས་དེ་དུས་བརྐོས་པ་མི་གསལ་བ་དང་། དེ་བཞིན་ཐེག་པ་ཆེན་པོ་བཞི་ཞེས་པའི་ཐ་སྙད་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་འཚམ་མིན་སོགས་གནད་དོན་མང་པོ་ཞིག་ལྷག་ཡོད།

 

བཞི་པ། འབྲེལ་ཡོད་གནས་ཚུལ་ཁག་

ཅིག་ལ་དཔྱད་པ།

 

ཤུག་པ་གནས་རིའི་གཟུངས་སྔགས་ཡིག་དེ་གདུགས་དཀར་མོ་ཆེའི་གཟུངས་སྔགས་ཡིན་ལ། གཟུངས་སྔགས་འདི་ཏུན་ཧོང་ནས་བྱུང་བའི་གདུགས་དཀར་མོ་ཆེའི་གཟུངས་སྔགས་དང་རྣམབཅད་ཚེག་གི་སྟེང་ཁྱད་པར་ཡོད་པ་མ་ཟད། ད་ལྟའི་པར་མའི་བར་དང་ཕབ་འབྲི་བྱེད་སྟངས་ལ་ཁྱད་པར་ཡོད་པ་ནི་གཤམ་གསལ་རེའུ་མིག་ལྟར་དེ།

    

ཤུག་པ་གནས་རིའི་

གཟུངས་སྔགས།

ཨོཾ་ཏར་རྱ་ཐ་ཨོམ་ཨ་ན་ལེ་ཨ་/ན་ལེ་བཱྀ་ཤ་དེབཱིཤདེབཱེརབཱེརབཛངྷོ/བཱན་ངྷ་བཱན་ངྷ་ནྀ་བཱཛྲ་བཱ་ནྀ་ཕཊ་སྭ་ཧ།ཧུཾ་ཧུཾབཱན་ངྷཕཊ/སྭ་ཧའ། 

ཏུན་ཧོང་ཤོག་དྲིལ་P.T.45

བའི་གཟུངས་སྔགས།

ཏར་རྱ་ཐཱ། ཨཱོཾ། ཨཱ་ན་ལེ་ཨཱ་ན་ལེ། བྱི་ཤ་དེ་བི་ཤ་དེ། བཱཻ་ར་བཱཻ་ར། བཛ་ངྷ་རྀ། བྷན་ངྷ་བྷན་ངྷ་ནི་བཱཛིར་པན་/ཕཊ། ཧཱུྃ་ཧཱུྃ་ཕཊ། ཕཊ་སྭཱ་ཧཱ། །ཧཱུྃ་ཧཱུྃ་བྷན་དྷ་ཕཊ་སྭཱ་ཧཱ།  

ཏུན་ཧོང་ཤོག་དྲིལ་P.T.47

བའི་གཟུངས་སྔགས།

ཏར་རྱ་ཐཱ་། ཨཱོམ་ཨ་ན་ལེ་ཨ་ན་ལེ། བྷྀ་ཤ་དེ་བྷྀ་ཤ་དེ།བེའྀ་ར་བེའྀ་ར། བཛྲ་ངྷ་རྀ་། བྷན་ངྷ་བྷན་ངྷ་ནི་། བཛྲ་པ་ནྀ་ཕཏ། ཧུའུ་མ་ཧུའུ་མ་ཕཏ་ཕཏ་སྭཱ་ཧཱ།། ཧུའུ་མ་ཧུའུ་མ་

བྷན་དྷ་ཕཊ་སྭཱ་ཧཱ་།

ཏུན་ཧོང་ཤོག་དྲིལ་P.T.83

བའི་གཟུངས་སྔགས།

ཏར་ཐྱ་ཐའ། ཨཱོཾ། ཨཱ་ན་ལེ་ཨཱ་ན་ལེ། བྀ་ཤ་དེ་བི་ཤ་དེ། བཱཻ་ར་བཱཻ་ར། བཛ་ངྷ་རྀ། བྷན་ངྷ་བྷན་ངྷ་ནི། བཛྲ་པ་ནྀ་ཕཊ།ཧཱུྃ་ཧཱུྃ་། ཕཊ། ཕཊ་སྭཱ་ཧཱ།། ཧཱུམ་ཧཱུམ་བྷན་དྷ་ཕཊ་སྭཱ་ཧཱ། 

ད་ལྟའི་པར་མའི་གཟུངས་

སྔགས།

ཏརྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། ཤཱནྟེ་ཤནྟེ། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ།བཱི་རེ་བཱི་རེ། དེ་བི་བཛ་ངྷ་རཱི། བནྡྷ་བནྡྷ་ནི། བཛྲ་པཱ་ནི་ཕཊ། ཨོཾ་ཧཱུཾ་ཧཱུཾ་དྲུཾ་ཥྟོཾ་ཕཊ་སྭཱཧཱ། ཧཱུཾ་དྲུཾ་བནྡྷ་ཕཊ།

 

གོང་གི་རེའུ་མིག་གཤིབ་བསྡུར་ལས་མཐོང་བ་ནི།ཤུག་པ་རིའི་གཟུངས་སྔགས་འདི་ཏུན་ཧོང་གི་འགྱུར་དང་མཇུག་གི་ཚིག་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་མ་གཏོགས་གཞན་རྣམས་ཕལ་ཆེར་ཆ་འདྲ་ཞིང་གོ་རིམ་འཕྲོད་ལ།ཡིན་ཡང་ད་ལྟ་རྒྱུགས་ཆེ་བའི་པར་མའི་བར་མཇུག་གི་ཚིག་ཙམ་མ་ཟད་ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། ཤཱནྟེ་ཤནྟེ། དཱནྟེ་དཱནྟེ་ཞེས་པའི་རྐང་པ་མང་པོ་ཞིག་ཆད་པས་ན་བསྟན་པ་སྔ་དར་ཕྱི་དར་བར་གྱི་ཕྱི་མོའི་ཁྱད་མིན་ནམ་བསམ་ཞིང་། གཞན་ཤུག་པ་རིའི་གཟུངས་སྔགས་འདི་ད་ལྟའི་ཏུན་ཧོང་གི་འགྱུར་ལས་ཀྱང་སྔ་བ་གོང་གི་ལེའུ་ལས་བསྟན་པའི་ཚེག་གི་ཁྱད་པར་དང་འགྱུར་ཁྱད་ཕུད། ཏུན་ཧོང་ས་ཆ་སྤྱི་ལོ་781ལོར་བཟུང་བ་དང་།དེ་འདྲ་ཡིན་ཚེ་བོད་ཡིག་གི་ཆོས་ལུགས་ཀྱི་ཡིག་བསྒྱུར་བྱ་བ་རྣམས་ས་དེར་སྲིད་ཁྲིམས་བརྟན་བསླངས་དང་རང་གི་རིག་གནས་ཤན་ཅུང་ཟད་ཆགས་མ་ཆགས་ཀྱི་ལོ་བཅུའི་ནང་ཡོང་མི་ཐུབ་པ་ཞིག་ཡིན་ལ། རིག་པ་དེ་འདྲ་ཞིག་གི་ངོས་ནས་བལྟས་ཚེ་ཤུག་པ་རིའི་གདུགས་དཀར་མོ་ཆེའི་གཟུངས་འདི་ཏུན་ཧོང་གི་འགྱུར་ཀུན་གྱི་ཕྱི་མོ་ལྟ་བུ་ཞིག་ཏུ་ཡང་རུང་ལ། བོད་དང་ཏུན་ཧོང་ས་ཆའི་ཆོས་ལུགས་རིག་གནས་འགྲོ་འོང་ཐད་རྒྱུ་ཆ་གལ་ཆེན་པོ་ཞིག་གསར་སྣོན་བྱས་ཡོད།

ཤུག་པ་རིའི་ཡིག་རྙིང་དང་པོའི་མདུན་དུ་ཕྱུ་བ་མནབས་པའི་བྱང་སེམས་དེ་དང་དེའི་གཡོན་ཕྱོགས་སུ་དབུའི་ཐོར་ཚུགས་མཐོན་པོའི་མཐའ་ལ་དབུ་རྒྱན་གསུམ་པ་བཀྲིས་ཤིང་སྐྲ་གཉིས་མདུན་དུ་ཕྱིང་བ། ཕྱག་ལ་པདྨ་བསྣམས་ཤིང་བྱང་སེམས་ཀྱི་རྣམ་པར་བཞེངས་པའི་འདྲ་སྐུ་ཞིག་ཡོད་ལ། སྐུ་འདྲ་འདི་བོད་བཙན་པོའི་སྐུ་འདྲའི་ཁྱད་ཆོས་རྣལ་མེད་དུ་འཁུམས་པ་མ་ཟད། བོད་པའི་བཤད་སྲོལ་གྱི་རྒྱལ་ལུགས་སྐུ་འདྲའི་བཞེངས་སྟངས་ཡིན་ལ། རི་མོ་དེ་དང་བོད་བཙན་པོའི་རིང་བཞེངས་ཤིང་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པའི་ཧུན་ཧོང་གི་བོད་ཀྱི་རྒྱལ་བློན་རྣམས་ཀྱི་ལྭ་བ་དང་ཆ་ཡོངས་སུ་མཚུངས། འདྲ་སྐུ་ཀུན་གྱི་སྐུ་སྟོད་ལ་དར་གྱི་ལན་བུ་འཕྲེད་དུ་དཀྲིས་པ་འདི་སེར་ཤུལ་ས་ཆ་མགཏོགས་ལྡན་མ་བྲག དེ་བཞིན་བོད་ཀྱི་དུས་རབས་ལ་གཏོགས་པའི་ཡུས་ལིན་ཕུག་པ་ཨང་ཉེར་ལྔ་བའི་ཉེ་བའི་སྲས་ཆེན་བརྒྱད།དེ་བཞིན་ལོན་ཏོན་བཤམས་མཛོད་ཁང་དུ་བཞུགས་པའི་ཏུན་ཧོང་གོས་ཐང་སོགས་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ལ། བོད་ཀྱི་དུས་རབས་སྐབས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་བཞག་ཀྱང་མི་ཆོག་པ་མེད།

འདིར་བྱུང་བའི་བྲག་བརྐོས་རི་མོ་ཁག་ལས་གཙོ་བོ་རྣམ་སྣང་ཡིན་ཞིང་། དུས་རབས་དྲུག་པ་དང་བདུན་པར་བྱུང་བའི་གསང་སྔགས་ཀྱི་གཞུང་དུ་རྣམ་པར་སྣང་མཛད་གསང་སྔགས་ཀྱི་སློབ་དཔོན་དུ་བརྟེན་པའམ་རྣམ་སྣང་མངོན་བྱང་གི་གཞུང་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པ་རྣམ་སྣང་སྐུར་བཞེངས་ནས་ཆོས་སྟོན་པའི་ལུགས་བྱུང་བས་ཡིན་ལ།བོད་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ནས་རྣམ་པར་སྣང་མཛད་ལ་དད་པ་དར་རྒྱས་ཕྱིན་ཡོད་ཚུལ་བསམ་ཡས་དགོན་པ་གཙོ་བྱས་མཐའ་འདུལ་ཡང་འདུལ་གྱི་དགོན་པ་ཁག་གི་གཙོ་སྐུ་ཁག་གི་ལོ་རྒྱུས་དང་། དེ་བཞིན་ལྷོ་བྲག་རྣམ་སྣང་།མཁོ་མཐིང་རྣམ་སྣང་། འབོ་ཡུལ་རྣམ་སྣང་སོགས་ཀྱིས་མཚོན་པ་དང་། ཁམས་སྐྱེ་དགུ་མདོའི་རྒྱུད་དང་བྲག་གཡབ།སྨར་ཁམས་རྒྱུད་དུ་རྣམ་སྣང་དང་ཉེ་སྲས་བརྒྱད། རྣམ་སྣང་དང་སྤྱན་རས་གཟིགས། ཕྱག་རྡོར་བཅས་ཀྱི་སྐུ་འདྲ་བཅུ་ཕྲག་རྙེད་ཡོད། ལོ་འདིར་ཆ་བཞག་ཀྱང་རྒན་ཚེ་རིང་རྒྱལ་བོ་མཆོག་ནས་སྨར་ཁམས་ལྷ་འབབ་ཐང་ནས་བཙན་པོའི་སྐུ་བརྙན་ཕྱིས་ཀྱི་ཕྱག་བཟོའི་ལྷད་མ་འདྲེས་པ་རྩ་ཆེན་པོ་ཞིག་རྙེད་པས་མཚོན་ཞིང་། རས་ཆར་རྡི་སིང་གིས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་བོད་ལ་རྣམ་སྣང་གི་དད་མོས་རྒྱུགས་ཆེ་བའི་གནས་ཚུལ་ཞིབ་བརྗོད་གནང་ཡོད་ལ། དེ་དང་མཐུན་པར་ཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་ནས་ལྷ་འདུས་རྣམ་སྣང་དང་འབྲེལ་ནས་བོད་ཀྱི་གནའ་རབས་ཡིག་ཚང་དང་སྐྱེས་རབས་རྣམ་ཐར་དུ་བཀོད་པའི་ཁམས་ཕྱོགས་ཀྱི་བྲག་བརྐོས་སྐོར་གྱི་ཡིག་ཆ་བསྡུ་རུབ་གནང་ཡོད། ཡིན་ཡང་རིག་གཞུང་ཞིབ་འཇུག་པའི་ངོས་ཐད་ནས་ད་ལྟའི་རྣམ་སྣང་གཙོ་བྱས་པའི་རི་མོ་ཁག་ལ་བལ་ཡུལ་དང་ཏུན་ཧོང་རི་མོའི་ལུགས་ཀྱིས་ཤན་གཙོ་བོ་ཞུགས་ཡོད་པར་མཁས་པ་ཀུན་དགོངས་གཞི་མཐུན་མོད། རྣམ་སྣང་མངོན་བྱང་གི་རྒྱུད་འདི་ཇི་ལྟར་བོད་ལ་དར་བའི་སྐོར་ལ་རྒྱའི་མཁས་པ་ཁ་ཤས་ནས་ཕྱིས་བྱུང་ཡིག་ཆ་དང་རྒྱ་ནག་གི་ཡིག་ཆ་གཞིར་བཞག་གིས་ལི་ཡུལ་ས་ཆ་ནས་བོད་ལ་དར་བ་དང་རྒྱ་ནག་སི་ཁྲོན་ས་ཆའིཤུགས་ཀྱང་ཡོད་པ་སོགས་བཤད་མོད། དམ་པའི་ཆོས་ཀྱི་གཞུང་ལུགས་ལོ་རྒྱུས་སྨྲ་བ་ལ་མངའ་རྙེས་པའི་མཁས་དབང་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ཉམས་ཞིབ་ལ་གཞིགས་ན།རྣམ་སྣང་མངོན་བྱང་འདི་སྤྱོད་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། རྒྱ་གར་དུ་ཐོག་མར་བྱུང་བའི་ལོ་ཚོད་དུས་རབས་བདུན་པའི་བར་དཀྱིལ་ལ་འཁེལ་བ་དང་། དེ་བཞིན་རྒྱ་ནག་ཏུ་ཐོག་མར་དུས་རབས་བརྒྱད་པའི་སྟོད་ཆར་བསྒྱུར། དུས་རབས་དགུ་པའི་སྟོད་དུ་བོད་ལ་ཡང་རྒྱུད་འདི་བྱུང་ཡོད་པ་མ་ཟད། བོད་འགྱུར་དུ་རྒྱ་ནག་གི་འགྱུར་དུ་མ་བཞུགས་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བཅས་ལེའུ་དྲུག་བཞུགས་པར་གསལ་ན། བོད་རང་ལ་ཡང་ལེགས་སྦྱར་ནས་བརྒྱུད་པའི་ལུགས་ཡོད་པར་མཐོང་ཞིང་། དེ་བཞིན་སྦ་བཞེད་དུ་བཀོད་པའི་བསམ་ཡས་དགོན་པའི་ལོ་རྒྱུས་སྐབས་སུ་རྒྱ་དཀར་ནག་གཉིས་ཀྱི་ལུགས་ལ་རྣམ་སྣང་གཙོ་སྐུར་བྱེད་པའི་ལུགས་ཡོད་པ་དེ་རེད། ཡིན་ཡང་བོད་དུ་བསྟན་པ་ཕྱི་དར་རིང་བླ་མེད་ཀྱི་རྒྱུད་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་པའི་བོད་ཀྱི་གསང་སྔགས་པའི་གལ་ཆེན་པོར་མ་བརྩིས་ཏེ། སྤྱོད་རྒྱུད་ཅེས་རིམ་པ་འོག་མར་བཞག་པའི་དབང་གིས་བོད་འགྲེལ་སོགས་ཤིན་ཏུ་ཉུང་བའམ་དེ་སྔ་རྒྱ་དང་ཉི་ཧོང་སོགས་སུ་དད་པ་གཙོ་བོར་བྱེད་པའི་རྣམ་པར་སྣང་མཛད་དུས་རབས་བཅུ་གཅིག་པ་ནས་བོད་དུ་ཉམས་རྒུད་དུ་ཕྱིན་ཡོད།

ཤུག་པ་གནས་རིའི་བྲག་བརྐོས་གསུམ་པ་དང་བཞི་པ། ལྔ་པ་གསུམ་ལ་འོད་དཔག་མེད་དང་རྣམ་པར་སྣང་མཛད། དོན་ཡོད་གྲུབ་པ་གསུམ་རིམ་པར་བྱུང་ཡོད་ལ། དེ་ལས་བལྟས་ཚེ་ས་འདིར་དང་པོ་རྒྱལ་བ་རིགས་ལྔའི་སྐུ་འདྲ་བཞེངས་མེད་དམ་བསམ་ལ། དེ་སྔའི་གསར་རྙེད་ཁག་ཏུ་རྣམ་སྣང་དང་ཉེ་བའི་སྲས་ཆེན་བརྒྱད་དང་། ཡང་ན་རྣམ་སྣང་དང་སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་བཅས་ཀྱི་མཉམ་བཞུགས་སྐུ་འདྲ་ལས་རྒྱལ་བ་རིགས་ལྔའི་མཉམ་བཞུགས་ཀྱི་སྐུ་བྱུང་མེད་ལ། དེ་ལས་ཀྱང་དོན་ཡོད་གྲུབ་པའི་སྐུ་འདིར་དུས་རབས་སྔ་མོའི་ཁྱད་ཆོས་ལྡན་པ་སྟེ། དུས་རབས་བཅུ་གསུམ་པའི་ཕྱིས་ཀྱི་རྒྱལ་བ་རིགས་ལྔའི་དོན་ཡོད་གྲུབ་པའི་སྐུ་འདྲའི་ཕྱག་གཡོན་མཉམ་བཞག་དང་ཕྱག་གཡས་ས་གནོན་མཛད་ཡོད་མོད། དེ་ལས་སྔ་བའི་དུས་རབས་ཀྱི་རྒྱལ་བ་རིགས་ལྔའི་སྐུ་འདྲ་དང་ལྷག་པར་སྟོད་མངའ་རིས་ཕྱོགས་ནས་རྙེད་པའི་སྐུ་འདྲར་ཤུག་པ་རིའི་སྐུ་འདྲ་དང་འདྲ་བར་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཡོད། གཞན་བྲག་བརྐོས་བདུན་པར་གཟུངས་སྔགས་བཛྲྀ་ཀྲོ་ངྷ་མ་ཧ་བྷ་ལ་ཞེས་པ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་ཡིན་ལ། ཁོང་ལ་གསོལ་འདེབས་ཀྱི་ཆ་ནས་བཙན་པོ་ཡབ་སྲས་དང་སེམས་ཅན་ཐམས་ཅད་བླ་མེད་ཀྱི་བྱང་ཆུབ་ཐོབ་པའི་སྨོན་ལམ་བརྒྱབ་ཡོད་ཅིང་། ཏུན་ཧོང་ས་ཆར་ཁྲོ་བོ་སྟོབས་པོ་ཆེའི་སྐོར་གྱི་ཆོས་སྤྱོད་རྒྱ་ཆེར་དར་ཡོད།

ཤུག་པ་གནས་རིའི་ཡིག་རྙིང་ཁག་བཞི་བར་སྐུ་འདྲ་བཞེངས་མཁན་དང་ཡི་གེ་བརྐོ་མཁན་གཅུངཀྱྀསློབསྨན་ལེགས་བྱ་བ་ཞིག་ཡིན་པ་བསྟན་ཡོད་ཅིང་།གཅུང་འདི་བཙན་པོའི་སྐབས་ཕྱོགས་གཅིག་ནས་གོ་ས་ཞིག་ལ་གོ་ཞིང་། སྤྱི་ལོ་752ལོར་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་འཇང་དབང་འོག་ཏུ་བཅུག་ནས་འཇང་རྒྱལ་པོར་བཙན་པོའི་གཅུང་གི་གོ་ས་བསྩལ་བ་མ་ཟད། ལོ་རྟགས་ཀྱང་བཙན་པོའི་གཅུང་གི་ལོ་རྟགས་སུ་ཕབ་ཡོད་པ་དང་། གཞན་ཞིག་ནས་གཙང་ངམ་རིང་ཁུལ་གྱི་ས་མིང་ངམ་རུས་མིང་ཞིག་ལ་གཏོགས་པ་གཅུང་རི་བོ་ཆེ་དགོན་དང་། བསྟན་པ་སྔ་དར་ཕྱི་དར་གྱི་མཚམས་སུ་ས་འདིར་མཁས་པ་གཅུང་པ་འཁར་སྟོངས་བཟུང་བ་ལས་ཚོ་མོ་ཆེ་བྱུང་བ་སྦ་བཞེད་དང་ལྡེའུ་ཆོས་འབྱུང་དུ་གསལ། གཞན་སྨན་ལེགས་ཅེས་པ་མིང་འདོགས་སྟངས་ནས་བཙན་པོའི་སྐབས་ཀྱི་ཁྱད་ཆོས་ཡོད་མོད། ཡང་སྙིང་མི་སྣ་ཅི་འདྲ་ཞིག་ཡིན་མིན་དཔྱད་གཞི་ལེགས་སོན་བྱུང་མ་ཐུབ་ལ། དེ་བཞིན་སྐུ་འདྲའི་གཡོན་དང་ཡི་གེའི་གོང་དུ་རྒྱ་ཡིག་ཞེས་པ་ཞིག་བྱུང་ཡོད་པ་ལྡན་མའི་བྲག་བརྐོས་དང་བྲག་ལྷ་མོར་□杨二造仏也ཞེས་པའི་རྒྱ་ཡིག་བྱུང་བ་དང་ཆ་མཚུངས་པར་བྲག་བརྐོས་བཟོ་རིམ་ཁྲོད་རྒྱའི་མི་སྣ་ཡང་མེད་པར་བསམ། གཞན་ཡི་གེ་བརྐོ་མཁན་པ་ལེགས་ཀོང་གི་གནས་ཚུལ་ལ་ལྡན་མ་བྲག་གི་ཡི་གེར་རྡོ་མཁན་ཤོད་ལེགས་ཀོང་ཞེས་པ་ཞིག་དང་།བཙན་པོའི་སྐབས་ཀྱི་ལོ་ཙཱ་བ་བྲན་ཀ་ལེགས་ཀོང་བྱ་བ་ཞིག་ཡོད། བྲག་བརྐོས་ཁག་བརྒྱད་པའི་གཅུང་གི་སློབ་མ་ཡུལ་ཟིགས་ཅེས་པར་ཡང་གནད་དུ་འཁེལ་བའི་དཔྱད་གཞི་ལག་སོན་མ་བྱུང་མོད། སླེབས་རིའི་བང་སོ་ལས་བྱུང་བའི་རུས་ཐམ་ལ་ཁའུ་ཞང་ཟིག་ཅེས་པ་དང་སྐུ་ཞབས་ཙིག་ཞིས་ཁྲིན་ནས་ཉར་ཚགས་གནང་བའི་བཙན་པོའི་སྐབས་ཀྱི་ཐམ་ཀའི་སྟེང་མང་ཟིགས་རྒྱ་ཞེས་བྱུང་ཡོད། ལོ་ཕྱུག་དགོན་གསར་གྲོང་གི་ཡིག་རྙིང་ལ་དང་པོ་དགེ་སློང་གི་མཚན་དང་བྲག་ཏུ་བརྐོས་པའི་ལོ་ཚིགས་ཡོད་པར་མཐོང་མོད། ད་ལྟ་སུབ་ནས་མཚན་གྱི་ཐོག་མ་དཔལ་ཞེས་པ་ཞིག་གིས་བསྔོ་སྨོན་ཞུ་བ་ཙམ་མ་གཏོགས་མི་མཐོང་ལ། བཙན་པོའི་དུས་སྨད་ལ་དགེ་སློང་དཔལ་དབྱངས་ལ་སོགས་པའི་ཆོས་ལུགས་མི་སྣ་ཅུང་མང་། དེ་བཞིན་དབྱེར་གོ་གྲོང་ཚོར་ན་མོ་རྣམ་པར་སྣང་མཛད་ཅེས་ད་ལྟ་ཚིག་གི་སྦྱོར་སྟངས་དང་མི་འདྲ་བར་བརྡ་རྙིང་བའི་ཤུལ་མ་ཉམས་པར་གནས་ཡོད།མདོར་ན། སེར་ཤུལ་ས་ཆའི་བྲག་བརྐོས་ཁག་དབྱེ་ཞིབ་བྱས་པ་བརྒྱུད་དུས་ཚོད་ཀྱི་ཆ་ནས་སྔ་ཕྱི་ཁག་གཉིས་ཏེ།བཙན་པོ་ཁྲི་སྲོང་ལྡེ་བཙན་སྲིད་ཁྲིར་བཞུགས་པའི་རིང་སྟེ་སྤྱི་ལོ་755ནས་796སྐབས་སུ་བརྐོས་པ་ཁག་ཅིག་དང་། དུས་ཕྱིས་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་སྲིད་ཁྲིར་བཞུགས་པའི་རིང་སྟེ། སྤྱི་ལོ800ནས་840ཡས་མས་སུ་བརྐོས་པ་ཁག་གཉིས་དབྱེ་ཆོག་པར་འདོད་ཅིང་། དུས་རབས་སྔ་མའི་ཚབ་མཚོན་བྲག་བརྐོས་ཁག་གཉིས་པ་དང་ཁག་བཞི་པ་ཡིན་ལ། གཞན་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་བཟུང་སྟེ་ས་འདིར་རྣམ་སྣང་མངོན་བྱང་གི་རྒྱུད་ཙམ་མ་ཟད། རྒྱལ་བ་རིགས་ལྔ། གདུགས་དཀར་མོ་ཆེ། ཁྲོ་བོ། སྤྱན་རས་གཟིགས་བཅས་ཐེག་པ་ཆེན་པོའི་ཆོས་སྤྱོད་དར་རྒྱས་ཆེན་པོ་བྱུང་ཡོད་པ་དངོས་དཔང་གིས་ར་སྤྲོད་བྱུང་བ་ནི་བྲག་བརྐོས་གསར་རྙེད་ཁག་གི་ནུས་པ་དམིགས་བསལ་བ་ཞིག་རེད།

( རྩོམ་སྒྲིག་འགན་ཁུར་བ་ནོར་བུ་ཚེ་རིང་།)

 

ཤ་བོ་མཁའ་བྱམས། འབུམ་རམས་པ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་རྙིང་ཞིབའཇུག་ཁང་གི་ཞིབ་འཇུག་པ་ཆེ་མོ་གཞོན་པ་ཡིན།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101