中国藏文学术期刊网
您的当前位置:首页> 搜索结果
为您检索到0条匹配字符
ཀྲུང་གོའི་བོད་རིག་པའི་ཕུལ་བྱུང་བརྩམས་ཆོས།
༄༅། ། ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་སའི་ཆོས་སྡེ། ——ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་ཆགས་འཇིག་དང་ འབྲེལ་ཡོད་ཀྱི་གནད་དོན་འགར་དཔྱད་པ།
རྩོམ་པ་པ:ཆབ་འགག་རྟ་མགྲིན།

[ནང་དོན་གནད་བསྡུས།] རྩོམ་འདིར་རང་གི་མཐོང་ཐོས་དང་དགོན་ཤུལ་དངོས་ལ་རྟོག་དཔྱོད་བྱས་པ་ལ་བརྟེན་ནས།   ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་གནས་དང་རྗེས་ཤུལ་མཚམས་སྦྱོར་བྱས་ཐོག་རྒྱ་བོད་སོག་གསུམ་གྱི་དཔྱད་གཞིའི་ཡིག་རིགས་སྤྱད་ནས་དགོན་སྡེ་དེ་བཞེངས་པའི་ལོ་རྒྱུས་རྒྱབ་ལྗོངས་དང་།   རྒྱལ་བ་བསོད་ནམས་རྒྱ་མཚོ་དང་སོག་པོའི་རྒྱལ་པོ་ཨན་ཐན་གཉིས་དགོན་པ་དེར་མཆོད་ཡོན་དུ་འབྲེལ་བའི་དགོས་པ་དང་དགེ་མཚན་ཕྱོགས་སྡོམ་བྱས་ཏེ།   མཐར་དགོན་སྡེ་དེ་ཉིད་ཇི་ལྟར་འཇིག་ཚུལ་སྐོར་བརྗོད་ཡོད།  

[བརྡ་ཆད་གཙོ་བོ།] ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་།   ཆགས་འཇིག འབྲེལ་ཡོད་གནད་དོན།  

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚང་མཚན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-02-0028-11

 

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཆབ་ཆ་གྲོང་བརྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་བདུན་ཙམ་གྱི་མཚམས་ན་བདག་གི་ཕ་ཡུལ་ཆབ་འགག་རྒྱལ་ར་གྲོང་ཚོ་ཡོད་ཅིང་།  གྲོང་ཚོ་དེའི་རྒྱབ་ལོགས་སུ་དགོན་ཤུལ་རྙིང་པ་ཞིག་ཡོད་པ་བྱིས་པ་རོལ་རྩེད་ཀྱི་དུས་ནས་མཐོང་ཞིང་རྟག་ཏུ་ཁྱིམ་མཚེས་ཀྱི་བྱིས་པ་ཚོ་དང་ལྷན་དུ་དགོན་ཤུལ་དེར་སོང་ནས་རོལ་རྩེད་བྱས།   སྐབས་འགར་གསེར་མདོག་དང་ཚོན་མདངས་ཉམས་མེད་པའི་འབག་སྐུའི་ཆག་དུམ་སོགས་ཐོན་ཡང་དེ་ཡ་མཚན་ཞིག་ཏུ་མཐོང་ནས་རྩེད་ཆས་བྱེད་པ་ལས་དེའི་གཏིང་རིམ་པའི་དོན་ལ་བསམ་བློ་གཏོང་མ་ཤེས།  དེ་ནས་གཞོན་ནུའི་ལང་ཚོ་རྒྱས་པའི་དུས་ལ་དགོན་ཤུལ་དེ་མཐོང་ཐེངས་རེར་དེ་དང་ཐོག་སྐྱེ་བོ་སུས་དགོས་པ་གང་གི་ཆེད་དུ་བཞེངས་པ་དང་།   མཐའ་མ་རྒྱུ་རྐྱེན་གང་ལ་བརྟེན་ནས་འཇིག་པར་གྱུར་པའི་ལོ་རྒྱུས་ཤེས་འདོད་ནས་རྒན་པོ་འགའ་རེར་ཞུས་ཀྱང་གསལ་ཆ་ཡོད་མཁན་དཀོན་ཞིང་དཔྱད་གཞི་ཡིག་ཚང་གི་ཆ་རྐྱེན་ཡང་མ་འཛོམས་པས་རེ་བ་འབྲས་མེད་དུ་ལུས།   དེ་ནས་དར་མའི་དུས་ཀྱི་མཐའ་ཟད་ནས་རྒན་པོའི་དུས་ཀྱི་སྣེ་ཟིན་པའི་སྐབས་ལ་རྒྱལ་ཁབ་གཞུང་གིས་རིག་གནས་འཛུགས་སྐྲུན་ལ་མཐོང་ཆེན་མཛད་པ་དང་རིག་གནས་ལྗོངས་རྒྱུའི་ལས་རིགས་རྒྱ་ཁྱབ་ཏུ་སྤེལ་བར་སྐུལ་མ་དང་རྒྱབ་རོགས་གནངས་པ་རྐྱེན་བྱས་ཏེ།  དགོན་པ་དེའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་འགའ་རེ་བཀླགས་ནས།   སྐབས་དེའི་ལོ་རྒྱུས་དངོས་ལ་ངེས་ཤེས་ཅུང་ཟད་སྐྱེས་པ་དང་ཆབས་ཅིག་དེ་གསལ་བར་བྱེད་པའི་འདུན་མོས་ཀྱང་ངང་གིས་འཕེལ་རུང་།   ད་ལྟའི་བར་ལག་ལེན་དུ་འདེབས་མ་ཐུབ།   ན་ནིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་བཅུ་གསུམ་པའི་གདན་ཞུ་ཡི་གེ་འབྱོར་བ་དང་བསྟུན་ནས་སྔར་གྱི་རྨང་གཞིའི་སྟེང་རྒྱ་བོད་སོག་གསུམ་གྱི་འབྲེལ་ཡོད་ཡིག་ཆ་གལ་ཆེན་ཞིབ་ཏུ་བཀླགས་པ་དང་ཆབས་ཅིག སླར་ཡང་དགོན་ཤུལ་དངོས་ལ་སོང་ནས་རྟོག་དཔྱོད་ཞིབ་མོ་བྱས་པ་ན།   དགོན་ཤུལ་དེར་1958ལོའི་མཆོང་སྐྱོད་ཆེན་པོའི་ལས་འགུལ་གྱི་སྐབས་སུ་དགོན་པའི་ལྕགས་རི་ལ་གཞི་བྱས་ནས་ཆུ་མཛོད་ལས་པས།   ལྕགས་རི་ཧྲིལ་པོའི་རྣམ་པ་མཐོང་ཐབས་མེད་ཀྱང་།   ནུབ་ངོས་དང་བྱང་ངོས་ཀྱི་ལྕགས་རི་དུམ་བུ་ད་དུང་ཡོད་པ་དེའི་མཐོ་ཚད་ལ་སྨི་2.8ཡོད་པ་དང་།   རྟིང་གི་ཞེང་ལ་སྨི་2.3ཡོད་ལ།   སྟེང་གི་ཞེང་ཚད་ལ་སྨི་1.8ཙམ་ཡོད།   དེ་ལྟ་བུའི་ལྕགས་རིའི་ཤར་ནུབ་གཉིས་ཀྱི་ཞེང་ལ་སྨི་250ཙམ་ཡོད་པ་དང་ལྷོ་བྱང་གཉིས་ཀྱི་སྲིད་ལ་སྨི་200ཙམ་ཡོད།   དེའི་དབུས་སུ་སྔོན་མའི་གཙུག་ལག་ཁང་གི་ཀ་རྡོ་དང་དར་ཤིང་གི་རྨང་རྡོ་ཡོད་ལ།   སོ་ཕག་དང་རྫ་གཡམ་ཆག་རོ་ད་དུང་གང་སར་མཐོང་རྒྱུ་ཡོད་པ་རེད།   དགོན་ཤུལ་དེར་སུམ་པ་ཡེ་ཤེས་དཔལ་འབྱོར་དང་།  འབྲོག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།   རྒྱ་སོག་གི་མཁས་པ་མང་པོ་བཅས་ཀྱིས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ངམ་ཡེང་ཧྭ་ཟི་(仰华寺)”གསོལ་ཞིང་།  དགོན་ཤུལ་དེའི་ཤར་འགྲམ་དུ་དྲག་རྩལ་རྡོ་རྗེ་ཐོག་མདའ་ཞེས་པའི་ལེབ་ཙེ་ཞིག་ཡོད་པ་ནི་བྱ་ཁྱུང་དགོན་པའི་མཁན་རབས་གོ་གཅིག་པ་སྐྱབས་རྗེ་མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་སྐུ་ཕྲེང་གསུམ་པ་རྗེ་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོས་བསྟོད་པ་དང་།  རྒན་པོ་རྣམས་ཀྱིས་བཤད་པ་ལྟར་ན་ལབ་ཙེ་དེ་སྔོན་གྱི་མཆོད་རྟེན་རྙིང་པ་གཉིས་ཀྱི་ཤུལ་དབུས་སུ་བསྟོད་པ་དང་།  སྐྱབས་རྗེ་མཁན་ཆེན་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་མཆོག་གིས་དེའི་གནས་བདག་ནི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་བདག་ཡིན་པར་གསུངས།   གང་ལྟར་ལབ་ཙེ་བསྟོད་ས་དང་གནས་བདག་གང་ཡིན་རུང་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དང་འབྲེལ་བ་དམ་པོ་ཡོད་པ་སྨྲས་མ་འཚལ།   དེས་ན་ད་ནི་དགོན་པ་དེའི་ཆགས་འཇིག་དང་འབྲེལ་ཡོད་ཀྱི་གནད་དོན་འགར་ཅུང་ཟད་དཔྱད་ན།  

 

དང་པོ།   ཆབ་ཆ་ཐེག་ཆེན་ཆོས་འཁོར་

གླིང་བཞེངས་པའི་ལོ་རྒྱུས་ཀྱི་རྒྱབ་

ལྗོངས་བཤད་པ།  

 

སོག་པོའི་ཨལ་ཐན་རྒྱལ་པོས་མཚོ་སྔོན་གནས་གཞི་བྱས་ནས་སོག་པོའི་ཤོག་ཁ་སོ་སོ་གཅིག་གྱུར་བྱེད་ཆེད་སྤྱི་ལོ་1559ལོར་མཚོ་སྔོན་དུ་དཔུང་འཇུག་བྱས་ཏེ་སོག་པོའི་བྷེ་ཧར་(卜儿孩)ཤོག་ཁ་ཕམ་པར་བཏང་ཞིང་མིང་རྒྱལ་རབས་ཀྱི་མཐའ་མཚམས་སུའང་འཕྲོག་བཅོམ་བྱས་ཀྱང་།  སྐབས་དེར་མིང་རྒྱལ་རབས་ལ་དེ་འགོག་སྟོབས་ཤུགས་མེད་པས།   ཞི་འཇམ་གྱི་ཐབས་བཀོད་མི་སྤྱད་ཐབས་མེད་དུ་གྱུར་ནས།   སྤྱི་ལོ་1571ལོར་ཨལ་ཐན་རྒྱལ་པོར་ཧྲུན་དབྱི་ལྦང་(顺义王)ཞེས་པའི་ཆོ་ལོ་བསྩལ།   སྐབས་དེར་མཚོ་སྔོན་དུ་དགེ་ལུགས་པར་མཚན་སྙན་མཐོ་ཞིང་དགེ་ལྡན་བསྟན་པའི་མངའ་བདག་ཆེན་མོ་རྒྱལ་བ་བསོད་ནམས་རྒྱ་མཚོའི་དཔལ་གྱི་སྙན་པ་ཐོས་ནས་དད་པའི་སྤུ་ལོང་ཀུན་ནས་གཡོ་པས།   སྤྱི་ལོ་1575ལོར་གསེར་ཡིག་པ་མངགས་ཏེ་སྤྱན་འདྲེན་ཞུས་པས།   རྗེ་ཉིད་ཀྱིས་མཆོད་ཡོན་མཚོ་ཁར་དངོས་མཇལ་གནང་བའི་གང་ཅིའི་ཞིབ་ཆ་དང་།   རེ་ཞིག་བླ་མཆོད་དུ་འདུལ་བ་སློབ་དཔོན་བརྩོན་འགྲུས་བཟང་པོ་རྫོངས་སྟ་མཛད།   སྤྱི་ལོ་1576ལོར་ཡང་རྒྱལ་པོས་ཨ་ཏོ་ས་དང་དར་ཧན་སོགས་རྗེ་ཉིད་སྤྱན་འདྲེན་པར་མངག་པར།   རྗེ་ཉིད་ཀྱིས་རང་ཅག་སྔོན་གྱི་རྟེན་འབྲེལ་ལེགས་པོ་ཡོད་པས་ཁོ་བོ་ཅིས་ཀྱང་འགྲོ་རྒྱུ་ཡིན།  བང་ཆེན་ཁྱེད་ཅག་སྔོན་དུ་སོང་ནས་རྒྱལ་པོ་སོགས་ལ་གོ་བར་གྱིས་ཤིག་ཅེས་བཀའ་ཤོག་དང་བཅས་པ་བསྐུར་བས།  ཐམས་ཅད་དགའ་སྟེ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བཞེངས་པའི་འགོ་བརྩམས།   སྤྱི་ལོ་1577ལོར་མིང་རྒྱལ་པོ་བན་ལིར་མཚན་འདོགས་ཞུས་པ་ལྟར་ཡེང་ཧྥ་ཟི་(仰华寺)ཞེས་པའི་མཚན་གསོལ་པ་དང་།   སྤྱི་ལོ་1577ལོར་རྗེ་དེ་ཉིད་སྤྱན་འདྲེན་ཞུ་བའི་གསེར་ཡིག་པ་མངགས་ཤིང་།  སྤྱི་ལོ་1578ལོར་སྤྱན་འདྲེན་པ་རིམ་པ་གསུམ་གྱིས་བསུ་བ་ཞུ་བའི་སྒོ་ནས་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་སྤྱན་འདྲེན་ཞུས་ནས་མཆོད་ཡོན་རྣམ་གཉིས་ཞལ་འཛོམས་བྱུང་།   སྐབས་དེར་སོག་པོ་དང་བོད།   རྒྱ།   ཡུ་གར་སོགས་རིགས་སོ་སོའི་དད་ལྡན་པ་འབུམ་ཕྲག་ལྷག་གིས་དགའ་བསུའི་ཡོ་ལང་རྒྱ་ཆེན་པོ་ཞུས་ཤིང་།   མཆོད་ཡོན་མཇལ་བའི་དགའ་སྟོན་གྱི་ཐོག་མར།   དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཎྟལ།   གསེར་གྱི་ཕོར་བ་ཡུལ་དབུས་ཀྱི་བྲེ་ཚད་ཤོང་བ་ཞིག་རིན་པོ་ཆེས་བཀང་བ་སོགས་འབུལ་བ་ཚད་མེད་པ་ཕུལ།   དེ་ནས་ཨལ་ཐན་རྒྱལ་པོས་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་གསེར་ལས་གྲུབ་པའི་དབུ་རྒྱན་དང་བུམ་པ།   རིགས་ལྔའི་ཕྱག་མཚན།   གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ།   རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་རྒྱལ་ཞེས་པ་ཞིག་དང་།   ཏཱ་ལའི་བླ་མ་བཛྲ་ངྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ་ཞིང་།   རྒྱལ་དབང་མཆོག་ནས་ཀྱང་ཨལ་ཐན་རྒྱལ་པོར་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཞེས་པའི་མཚན་གནང་།   དེ་ནས་མཆོད་ཡོན་མཇལ་བའི་ས་དེར་གཙུག་ལག་ཁང་རྒྱས་བཞེང་བྱེད་པའི་ས་བཏུལ་མཛད་དེ།   རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་རྒྱ་ལུགས་ཀྱི་གཙུག་ལག་ཁང་བཞེངས་ནས་རབ་གནས་རྒྱ་ཆེན་པོ་མཛད་ཅིང་།   མཚན་ལ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཞེས་གསོལ།   རྒྱལ་རིགས་གསུམ་སོགས་བཙུན་པ་བརྒྱ་ཕྲག་རབ་བྱུང་མཛད་ནས།   སྐབས་དེར་མཚོ་སྔོན་ས་ཆའི་དགེ་ལུགས་པའི་དགོན་པ་ཆེ་ཤོས་དང་ཆོས་ལུགས་ཀྱི་ལྟེ་གནས་སུ་གྱུར།   དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་པར་བཀོད་པ་ལྟར་ན།   དགོན་པ་དེའི་འདུ་ཁང་ཆེན་མོ་དང་དེའི་སྦུག་གི་རྟེན་ཁང་དུ་དུས་གསུམ་སངས་རྒྱས་དང་རྗེ་བླ་མ།   རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་འདྲ་སོགས་བཞེངས་པ་དང་།   དེའི་གཡས་གཡོན་དང་མདུན་དུ་འཇིགས་བྱེད་དང་སྤྱན་རས་གཟིགས་རྣམས་ཀྱི་ལྷ་ཁང་རེ་རེ་ལ་ཀ་བ་བཅུ་དྲུག་གི་ཁྱོན་ཙམ་ཡོད་པ།   དེའི་བར་དུ་སེམས་དཔའ་དང་གནོད་སྦྱིན་གཉིས་ཀྱི་ལྷ་ཁང་།   བེ་དཀར་ལྕོག མདུན་གྱི་གཡས་གཡོན་དུ་གཟིམས་ཆུང་འོད་གསལ་ཕོ་བྲང་དང་བདེ་ཆེན་ཕོ་བྲང་།  དེ་ཐམས་ཅད་ལ་རྒྱ་ཕིབས་སོགས་རྒྱ་ནག་གི་ལུགས་སུ་བཞེངས་ཤིང་ལྕགས་རི་རིམ་པ་གསུམ་གྱིས་བསྐོར་ཡོད་པ་རེད།   དེས་ན་ཆོས་སྡེ་འདི་རྒྱས་བཞེངས་ཀྱིས་ས་འདུལ་མཛད་མཁན་དང་རབ་གནས་མཛད་མཁན་བོད་ཀྱི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་ཡིན་པ་དང་།   བསྟན་པའི་སྦྱིན་བདག་མཛད་མཁན་ཨལ་ཐན་རྒྱལ་པོ་དང་སོག་རིགས་གཙོ་བྱས་པའི་མི་རིགས་མང་པོ་ཡིན་པ།   བཞེངས་མཁན་གྱི་བཟོ་བོ་མཁས་པ་རྒྱ་རིགས་ཡིན་པ།   རྒྱ་སྐད་ཀྱི་མཚན་གསོལ་མཁན་མིང་རྒྱལ་རབས་ཀྱི་གོང་མ་བན་ལི་ཡིན་པ་བཅས་ཀྱི་ངོས་ནས་བལྟས་ན།   ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཞེས་པའི་ཆོས་སྡེ་ནི་རྗེ་རིན་པོ་ཆེའི་ཞྭ་སེར་བསྟན་པ་དབུས་ནས་བྱང་དང་བྱང་ནས་ཤར་དུ་སྤེལ་ཞིང་འཕེལ་བའི་གནས་མཆོག་དམ་པ་དང་།   རྒྱ་བོད་སོག་གསུམ་སོགས་མི་རིགས་སྣ་ཚོགས་འཆམ་མཐུན་མཉམ་གནས་བྱུང་བའི་འབྲས་རྟགས་གལ་ཆེན་ཞིག་ཡིན་པར་ངེས།  

 

གཉིས་པ།   ཆབ་ཆ་ཐེག་ཆེན་ཆོས་འཁོར་

གླིང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོ་

དང་ཨལ་ཐན་རྒྱལ་པོ་གཉིས་

མཆོད་ཡོན་དུ་འབྲེལ་བའི་

དགོས་པ་བཤད་པ།  

 

རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་སོག་པོའི་རྒྱལ་པོ་ཨལ་ཐན་རྣམ་གཉིས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་ཞལ་འཛོམས་བྱུང་བ་ནི་སོག་པོའི་རྒྱལ་པོ་ཨལ་ཐན་གྱིས་སྤྱན་འདྲེན་སྔ་ཕྱིར་ཞུས་བ་བཞིན་རྒྱལ་མཆོག་གང་ཉིད་ཕྱག་ཕེབས་མཛད་པ་ཡིན།   དེ་ཡང་རྒྱ་བོད་སོག་གསུམ་གྱི་ལོ་རྒྱུས་ཡིག་ཚང་ལྟར་ན།   མཛོ་དགེ་ཨ་སེང་བླ་མ་ཞེས་པ་དང་ཧོ་ཐག་ཐའི་སེ་ཆེན་ཧོང་ཐའི་ཅི་གཉིས་ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་བ་སོགས་ཞིབ་ཏུ་ཞུས་ཤིང་དེ་ཉིད་ཕྱི་མར་ཕན་པའི་བླ་མར་གདན་འདྲེན་པའི་ཞུ་བ་བཏོན་པ་ལ་བརྟེན་ནས་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དབྱར་མཚོ་ལྟར་འཕེལ་ཏེ་གདན་འདྲེན་ཞུ་བ་ལ།   རྗེ་ཉིད་ཀྱིས་སོག་ཡུལ་དུ་རིས་མེད་རྒྱལ་བསྟན་སྤྱི་དང་།   སྒོས་སུ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྤེལ་བའི་དོན་དུ་བྱང་ཕྱོགས་སུ་ཆིབས་ཁ་བསྒྱུར་བར་བཀོད་ཀྱང་།   སྐབས་དེའི་བོད་དང་སོག་པོ།   མིང་རྒྱལ་རབས་བཅས་ཀྱི་ལོ་རྒྱུས་གནས་བབ་དང་།   མཆོད་ཡོན་ཞལ་འཛོམས་བྱུང་བའི་རྗེས་ཀྱི་རྒྱལ་དབང་མཆོག་དང་ཨལ་ཐན་རྒྱལ་པོ།   མིང་རྒྱལ་རབས་བཅས་ཀྱི་མཛད་པ་སོགས་ཟུང་དུ་སྦྲེལ་ནས་བརྟགས་ན།   མཆོད་ཡོད་རྣམ་གཉིས་ལ་རང་རང་གི་དགོངས་གཞི་རེ་ཡོད་པ་སྟེ།   རྒྱལ་བ་བསོད་ནམས་རྒྱ་མཚོའི་ངོས་ནས་བལྟས་ན།   ཁོང་ཉིད་ནི་ཞྭ་སེར་བསྟན་པའི་མངའ་བདག་གམ་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་སྐུར་བའི་བླ་མ་ཆེན་པོ་ཡིན་པས།   སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་འགྲོ་བ་རྣམས་ལ་དབང་བསྐུར་ཞིང་རྗེས་གནང་བསྩལ་བ།   ཕྱག་དབང་གནང་བ་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་ཆེན་བསྒྲུབ་པ་ནི་འོས་འགན་གཙོ་བོར་གྱུར་པས་དགོས་པ་འདི་འདྲ་བཞི་ཡོད་དེ།  

གཅིག ཚལ་པ་བཀའ་བརྒྱུད་པའི་བླ་མ་གཙང་པ་དུང་ཁུར་པ་དབང་ཕྱུག་བཀྲ་ཤིས་དང་ཁྱད་པར་དུ་ས་སྐྱ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་འཕགས་པ་སོགས་སོ་སོར་སོག་པོའི་རྒྱལ་པོ་ཇིང་གིར་ཧན་དང་གོ་དན།  ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལེ་སོགས་ཀྱིས་གདན་འདྲེན་ཞུས་བ་ལྟར་ཕྱག་ཕེབས་མཛད་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་པའི་མཛད་རྣམ་ལ་དཔེ་ལྟོས་ནས་བསྟན་འགྲོའི་དོན་ཆེན་གལ་བོ་ཆེར་དགོངས་པ་དང་།  

གཉིས།   སྟོབས་ལྡན་སྐྱེ་བོ་གཅིག་བཏུལ་ན་སྐྱེ་འགྲོ་དཔག་ཏུ་མེད་པ་དུལ་བར་འགྱུར་ཞེས་པ་དང་།   “འགྲོ་བའི་བདེ་སྐྱིད་རྒྱལ་བའི་བསྟན་ལ་ཐུག རྒྱལ་བའི་བསྟན་པ་རྒྱལ་པོའི་སྲིད་ལ་ཐུག་ཅེས་པ་ལྟར།   ཨལ་ཐན་རྒྱལ་པོར་ཆོས་ཀྱི་དབང་བསྐུར་བ་དང་།   ལུང་དང་རྗེས་གནང་པར་སྩོལ་བ།   ཞྭ་སེར་བསྟན་པའི་ཆེ་བ་བརྗོད་པ།  བཀའ་ཆོས་གསུང་བ་ལ་སོགས་པར་བརྟེན་ནས་ཆོས་འོག་ཏུ་འགུགས་པ་དང་།   དེའི་རྒྱབ་སྐྱོར་ལ་བརྟེན་ནས་སོག་པོ་དང་རྒྱ།   ཡུ་གུར་སོགས་མི་རིགས་ལ་རྗེ་ཙོང་ཁ་བའི་རིང་ལུགས་དྲི་མ་མེད་པ་དར་ཞིང་རྒྱས་པར་བྱེད་རྒྱུ་དེ་རེད།  

གསུམ།   དགེ་ལུགས་པར་དཔལ་འབྱོར་གྱི་སྦྱིན་བདག་དང་ཆབ་སྲིད་ཀྱི་རྒྱབ་རྟེན་འཚོལ་རྒྱུ་དེ་རེད།   དེ་ཡང་སྡེ་བ་རིན་སྤུངས་པས་བོད་ས་གནས་སུ་དབང་བསྒྱུར་སྐབས་དེའི་དབང་ཤུགས་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས་གཙང་དམག་དབུས་ཕྱོགས་སུ་དྲངས་ཏེ་དགེ་ལུགས་པའི་སྦྱིན་བདག་ཡུལ་འདོན་བྱེད་པ་དང་།  དགེ་ལུགས་པའི་མཆོད་གཞིས་དང་དགོན་པ་འཕྲོག་བཅོམ་བྱེད་ཅིང་ཆོས་ལུགས་དང་ཞྭ་སྟབས་བསྒྱུར་པ།   ལྷ་ས་སྨོན་ལམ་ཆེན་མོར་སེ་འབྲས་དགེ་གསུམ་ཡོང་མི་ཆོག་པར་ལྷ་སའི་ཉེ་འདེབས་ཀྱི་བཀའ་བརྒྱུད་པ་དང་ས་སྐྱ་པ་སོགས་ཀྱི་དགོན་པའི་གྲྭ་པ་ཡོང་ནས་སྨོན་ལམ་འཚོགས་རྒྱུ་བྱས་པས།   ལོ་མང་རིང་བཀའ་བརྒྱུད་ཆོས་ལུགས་དར་རྒྱས་ཆེ་བའི་ས་གནས་སུ་དགེ་ལུགས་པའི་གྲྭ་པ་རྣམས་ཞྭ་མོ་ཕྱི་ནང་གཉིས་ཅན་གོན་དགོས་པ་བྱུང་།   ལོ་རྒྱུས་ཀྱི་སྐབས་བབ་དེ་འདྲ་ཞིག་ལ་དགེ་ལུགས་པར་དཔལ་འབྱོར་དང་དམག་དོན་གང་ཅིའི་ཐད་ནས་སྟོབས་ཤུགས་ཆེ་བའི་རྒྱབ་རྟེན་ཞིག་ཉེ་བར་མཁོ་བར་གྱུར་པས་སོ།  །  

བཞི།   ཨལ་ཐན་རྒྱལ་པོས་མིང་གོང་མ་ཅ་ཅིན་གྱི་དུས་འགོ་ནས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ལྷོ་ཕྱོགས་སུ་ལྕགས་རི་རིང་པོ་དང་ཤར་ཕྱོགས་སུ་ཆ་ཧར།   ནུབ་ཕྱོགས་སུ་མཚོ་སྔོན།   བྱང་ཕྱོགས་སུ་ཁལ་ཁ་སོགས་བྱང་གི་ས་ཆེན་པོའི་ཁྱོན་ལ་ཁ་ལོ་བསྒྱུར་ཐོག་ད་དུང་དབུས་གཙང་ཕྱོགས་སུའང་དབང་ཤུགས་རྒྱ་བསྐྱེད་པའི་ཧམ་སེམས་ཡོད་པས།   དེའི་དམག་དཔུང་གི་འཇིགས་པ་དང་གནོད་འཚེ་འགོག་རྒྱུ་དེ་རེད།  

ཨལ་ཐན་རྒྱལ་པོའི་ངོས་ནས་བལྟས་ནའང་དགོས་པ་བཞི་ཡོད་དེ།  

གཅིག ཨལ་ཐན་རྒྱལ་པོར་དབུས་གཙང་དུ་དབང་ཤུགས་རྒྱ་བསྐྱེད་པའི་ཧམ་སེམས་ཡོད་ཀྱང་དགུང་ལོ་བགྲེས་ཤིང་ལུས་སྟོབས་ཉམས་ལ་སྙུང་གཞི་མང་པས།   མུ་མཐུད་དུ་གཡུལ་འགྱེད་ཀྱི་ལས་བྱེད་མི་ནུས་པས་དེ་སྔ་སོག་པོ་རྒྱལ་པོ་གོ་དན་དང་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལི་སེ་ཆན་ཧན་རྣམ་གཉིས་ཀྱིས་བོད་ལ་ཁ་ལོ་བསྒྱུར་བའི་དོན་དུ་སོ་སོར་སངས་རྒྱས་ཀྱི་ཆོས་ལ་མཁྱེན་པ་ཡངས་ཤིང་མཁས་པའི་ས་སྐྱ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་གདན་འདྲེན་ཞུས་པའི་སྲོལ་ལ་དཔེ་ལྟོས་ནས་རྒྱལ་བ་བསོད་ནམས་རྒྱ་མཚོ་སྤྱན་འདྲེན་ཞུས་ཤིང་།   དགེ་ལུགས་པར་འབྲེལ་བ་བཙུགས་པ་ལ་བརྟེན་ནས་དབུས་གཙང་དུ་དབང་ཤུགས་རྒྱ་བསྐྱེད་རྒྱུ་དེ་རེད།  

གཉིས།   ཨལ་ཐན་རྒྱལ་པོ་མཚོ་སྔོན་ས་ཆར་སླེབས་དུས་དེ་སྔ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མིང་གོང་མའི་ཕོ་བྲང་དུ་ཕེབས་ལམ་དུ་མཚོ་སྔོན་མིན་ཧོ་རྫོང་གི་མཛོ་མོ་མཁར་དང་ལིན་གཙང་དགོན་སོགས་བཏབ་ནས་ཞྭ་སེར་བསྟན་པའི་རྨང་བཏིང་ཞིང་རྒྱ་བོད་སོག་གསུམ་གྱི་ཁྲོད་དུ་སྙན་གྲགས་ཆེ་པས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་།   སྐབས་དེར་ཨལ་ཐན་རྒྱལ་པོ་དེ་ཉིད་དགུང་ལོ་བགྲེས་ཤིང་སྙུང་གཞི་མང་པས།   ཧུ་པི་ལི་སེ་ཆེན་ཧན་གྱི་ཞལ་ནས།   འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ།   ཇིམ་གིར་རྒྱལ་པོའི་ཁྲིམས་ལུགས་བཞིན་སྤྱད་ན་འབྱུང་ཡང་།   ཕྱི་མ་ཕན་ཆོད་ཀྱི་ལུགས་ལ་བརྟེན་དགོས་པར་གནང་བའི་དོན་ལ་ལེགས་པར་བརྟགས་ནས།   སངས་རྒྱས་ཤཱཀྱ་མུ་ནེའི་ལམ་འདི་ཡང་དག་པར་མཐོང་།  ཞེས་པ་ལྟར།   ཕྱི་མ་ཕན་བྱེད་ཀྱི་ཆོས་ལུགས་ཤིག་དགོས་མཁོ་བྱུང་བའི་སྐབས་བབ་དེ་འདྲ་ཞིག་ལ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཆོས་ཀྱི་ཡོན་ཏན་ཐོས་པས།   བཤེས་གཉེན་དམ་པ་བསྟེན་པའི་ཕན་ཡོན་དང་ཆོས་ཐོས་པ་ཤིན་ཏུ་རྙེད་དཀའ་བའི་ཚུལ་བསམ་ཞིང་།   རྗེ་ཉིད་དང་ཞྭ་སེར་བསྟན་པའི་ཡོན་ཏན་ཐོས་ནས་དེ་ལ་དད་པའི་སྤུ་ལོང་རབ་ཏུ་རྒྱས་ཤིང་སྐྱབས་སུ་བསྟེན་པའི་དགོངས་འདུན་བརྟན་པོ་བརྙེས་པ་དང་།   ཚེ་འདི་ཕྱི་གཉིས་ལ་ཕན་ཞིང་སྨན་པའི་དགེ་ཚོགས་བསགས་རྒྱུ་དེ་རེད།  

གསུམ།   སོག་པའི་ཡུལ་ལ་ཇིང་གར་རྒྱལ་པོའི་རིང་ནས་ནང་བའི་བསྟན་པ་སྤེལ་ཞིང་ཆོས་དར་བར་གྱུར་ཀྱང་།   སོག་པོ་ཁག་ཅིག་གིས་སྔར་བཞིན་གདོད་མའི་ས་མན་ཆོས་ལུགས་ལ་དད་པ་སྟེ།   དད་མོས་ཐད་བསམ་བློ་སོ་སོར་གྱུར་ཐོག་ལོ་ངོ་བཅུ་ཕྲག་འགའི་རིང་བྱང་ཕྱོགས་སུ་རྒྱ་བསྐྱེད་པའི་གཡུལ་འགྱེད་མང་པོ་བྱས་པས།   མི་རྣམས་གཡུལ་འགྱེད་ཀྱི་ལས་ལ་སུན་པ་སྐྱེས་ཤིང་ཞི་བདེའི་འཚོ་བར་རེ་སྨོན་བྱེད་ཀྱིན་འདུག དེར་བརྟེན་རྒྱལ་བ་བསོད་ནམས་རྒྱ་མཚོ་སྤྱན་འདྲེན་ཞུས་ནས་ཞྭ་སེར་བསྟན་པ་སྤེལ་བ་ལ་བརྟེན་ནས་སོག་པོ་ཤོག་ཁ་སོ་སོའི་མི་སེམས་གཅིག་ཏུ་སྒྲིལ་ཞིང་མཐུན་པར་འགྱུར་པ་དང་།   སྤྱི་ཚོགས་བདེ་ལ་འགོད་ཅིང་རྒྱལ་པོའི་ཆབ་སྲིད་ཀྱི་དབང་ཤུགས་སྲ་བརྟན་དུ་གཏོང་རྒྱུ་དེ་རེད།  

བཞི།   སྐབས་དེར་སོག་པོའི་སྐུ་དྲག་རིམ་པ་མང་ཆེ་བ་ནང་བསྟན་ལ་དད་ཀྱིན་ཡོད་ཀྱང་འབངས་ཕལ་བ་ཁག་ཅིག་གིས་གདོད་མའི་ས་མན་ཆོས་ལུགས་ལ་དད་པས།   མི་

རིགས་གཅིག་གི་ནང་དུ་ཆོས་ལུགས་གཉིས་ལ་དད་པ་དེ་མི་རིགས་གཅིག་སྒྲིལ་བྱེད་པར་མི་ཕན་པར་མ་ཟད།   ས་མན་ཆོས་ལུགས་ཀྱིས་ཁྱོ་བོ་ཚེ་ལས་འདས་རྗེས་ཆུང་མ་དང་བྲན་གཡོག་སོགས་ཀྱང་མཉམ་དུ་དུར་སྦས་བྱེད་པ་དེས་བུད་མེད་དང་འབངས་མི་སེར་རྣམས་ལ་ཡ་ང་བའི་འཇིགས་སྣང་བསྐྱེད་པ་དང་།   གཤིན་པའི་དོན་དང་དེ་མིན་ལོ་དུས་དང་ཟླ་དུས་ལ་ཕྱུགས་ཟོག་མང་པོ་བསད་ནས་ཤ་ཁྲག་གིས་མཆོད་སྦྱིན་བྱེད་པ་དེ་ཞིང་ཕྱུགས་ཐོན་སྐྱེད་ལ་གནོད་པ་ཆེ་ཡང་།   དེ་བཅོས་བསྒྱུར་བྱེད་ན་སྲིད་ཕྱོགས་ཀྱི་བཀའ་ཁོ་ནས་མི་ཕན་པར་སྐབས་དེའི་མི་རྣམས་ཀྱི་ཤེས་རིག་གི་ཆུ་ཚད་དང་དད་མོས་ཀྱི་དགོས་མཁོ་དང་མཐུན་པའི་ཆོས་ལུགས་ཀྱི་སྟོབས་ཤུགས་ཤིག་ལ་བརྟེན་དགོས་པ་དེ་རེད།  

 

གསུམ་པ།   ཆབ་ཆ་ཐེག་ཆེན་ཆོས་འཁོར་

གླིང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོ་

དང་ཨལ་ཐན་རྒྱལ་པོ་རྣམ་གཉིས་

མཆོད་ཡོན་དུ་འབྲེལ་བའི་

དགེ་མཚན་བཤད་པ།  

 

ཞྭ་སེར་བསྟན་པའི་མངའ་བདག་ཆེན་མོ་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་སོག་པོའི་རྒྱལ་པོ་ཨལ་ཐན་ཧན་གཉིས་ཆོས་སྲིད་ཟུང་གི་དགོངས་པ་དུ་མ་ལ་དམིགས་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་མཆོད་ཡོན་དུ་འབྲེལ་བར་དགེ་མཚན་མང་པོ་ཡོད་པ་ཕྱོགས་གཅིག་ཏུ་བསྡུས་ན་འདི་ལྟར།  

གཅིག ཞྭ་སེར་བསྟན་པ་སོག་ཡུལ་དུ་སྤེལ་ཞིང་དར་བར་བྱེད་པར་རྨང་གཞི་བརྟན་པོ་བཏིང་།   རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ཨལ་ཐན་རྒྱལ་པོས་སྤྱན་འདྲེན་ཞུས་པ་ལྟར་མཚོ་སྔོན་པོའི་ལྷོ་འགྲམ་གྱི་ཆབ་ཆ་ས་ཁུལ་ལ་ཕྱག་ཕེབས་མཛད་རྗེས།   ལོ་བཅུ་ཕྲག་ལྷག་གི་རིང་ལ་ཨལ་ཐན་རྒྱལ་པོ་དང་མིང་གོང་མའི་རྒྱབ་རོགས་ལ་བརྟེན་ནས་མཚོ་སྔོན་དང་ལི་ཐང་།   ཆབ་མདོ།   ནང་སོག་སོགས་སུ་ཕེབས་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དང་སྐུ་འབུམ་བྱམས་པ་གླིང་།   ལི་ཐང་དགོན་པ་ཐུབ་བསྟན་བྱམས་ཆེན་གླིང་སོགས་དགོན་སྡེ་མང་དུ་བཞེངས་པ་དང་རབ་བྱུང་བསྙེན་རྫོགས་སྟོང་ཕྲག་དུ་མ་བསྒྲུབས་པ།   ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བ་དེས་ཨལ་ཐན་རྒྱལ་པོ་གཙོ་བྱས་པའི་སོག་པོ་དང་བོད།   རྒྱ།   ཧོར།   ཡུ་གུར་སོགས་མི་རིགས་མང་པོའི་དད་མོས་ཀྱི་དགོས་མཁོ་སྐོང་བ་དང་།  ཞྭ་སེར་བསྟན་པ་མཚོ་སྔོན་དང་ལི་ཐང་།   སོག་ཡུལ།  མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་ཕོ་བྲང་བཅས་སུ་སྤེལ་ཞིང་དར་བར་བྱེད་པ་ལ་རྟེན་དང་བརྟེན་པ་དང་བསྟན་འཛིན་པ།   སྦྱིན་བདག ཆོས་ཁྲིམས་སོགས་ཕྱོགས་མང་པོ་ནས་རྨང་གཞི་བརྟན་པོ་བཏིང་བ་རེད།  

གཉིས།   མཆོད་ཡོན་ཟུང་གི་མཚན་དང་སྙན་གྲགས་རྒྱས་པ།   རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་དགུང་ལོ་གསུམ་གྱི་སྟེང་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་།   དགུང་ལོ་བཞིའི་སྟེང་དུ་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་བཞུགས།   དེ་ནས་རིམ་བཞིན་མཁས་གྲུབ་དུ་མ་ལས་ཆོས་བཀའ་མང་པོ་དང་གཞུང་ཆེན་ལ་ཐོས་བསམ་གསན་མཛད་ནས་མཁས་པར་གྱུར་པ་དང་ཆབས་ཅིག སེར་སྐྱ་རྣམས་ལ་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་།   རྟེན་དང་བརྟེན་པ་མང་དུ་བཞེངས་ནས་ཞྭ་སེར་བསྟན་པའི་སྲོག་ཤིང་དུ་གྱུར་ནས།  སྙན་པའི་གྲགས་པ་ནུབ་ཕྱོགས་ས་ཡི་ཁྱོན་དུ་ཁྱབ་མོད།  དབུས་གཙང་ནས་མཚོ་སྔོན་དང་དེ་ནས་སོག་ཡུལ།   དེ་ནས་མིང་དང་ཆིང་གི་རྒྱལ་ཁམས་ཡོངས་ལ་རྣམ་པར་ཁྱབ་པ་ནི་གཙོ་བོ་སོག་པོ་ཨལ་ཐན་རྒྱལ་པོས་མཚོ་སྔོན་པོའི་ལྷོ་འགྲམ་གྱི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་སྤྱན་འདྲེན་ཞུས་ནས་རིགས་སོ་སོའི་དད་ལྡན་འབུམ་ཕྲག་ལྷག་གི་འཚོགས་དབུས་སུ་གསེར་སྲང་བརྒྱ་ལས་གྲུབ་པའི་ཐེམ་ཀ་འབྲུག་སྡེར་མོ་ལྔས་མཚན་པ།   ཁ་རིས་ལ།   རྡོ་རྗེ་འཆང་ཏྰ་ལའི་བླ་མའི་ཐམ་ཀ་རྒྱལཞེས་པ་སོགས་ཡོ་བྱད་ཁྱད་དུ་འཕགས་པ་རྣམས་ཕུལ་ནས་ཆོས་ཀྱི་བླ་མར་བཀུར་བ་དང་ཆབས་ཅིག རྗེ་ཉིད་ཀྱིས་ཀྱང་མཚོ་སྔོན་དང་ཆབ་མདོ།  ལི་ཐང་།   ནང་སོག་སོགས་སུ་རྟེན་དང་བརྟེན་པ་མང་དུ་བཞེངས་ཤིང་སེར་སྐྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་པས།   ས་ཆ་འདི་དག་གི་མི་རིགས་སོ་སོ་དང་ཁྱད་པར་དུ་སོག་པོ་མི་རིགས་ཀྱིས་ཤིན་ཏུ་དད་ཅིང་བླ་མར་བཀུར་བ་བཅས་ལ་བརྟེན་ནས་མཚན་དང་སྙན་པ་གཡུ་འབྲུག་སྔོན་མོའི་སྒྲ་ལྟར་དམའ་བ་དམངས་ཁྲོད་ནས་མཐོ་བ་གོང་མའི་ཕོ་བྲང་གི་བར་དུ་ཁྱབ་པར་གྱུར་ལ།   རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་སྟེ་རྒྱ་མཚོ་བླ་མ་ཞེས་པའི་མཚན་ཡང་དེ་ནས་ཐོགས་པ་ཡིན།   རྒྱུ་མཚན་དེའི་དབང་གིས་མིང་རྒྱལ་རབས་ཀྱི་གོང་མ་བན་ལིས་ཀྱང་གསེར་ཡིག་པ་མངགས་ནས་ཀྭན་ཏིང་ཏཱ་ཀོ་ཤྲཱིའི་མཚན་དང་།   ཐམ་ཀ་སོགས་ཕུལ་ཏེ་ཕོ་བྲང་དུ་གདན་འདྲེན་ཞུས་པས།   རྒྱལ་དབང་མཆོག་གི་མཚན་སྙན་འཛམ་གླིང་འཛིན་མའི་ཁྱོན་ལ་ཁྱབ་པར་གྱུར།   དེའི་རྗེས་ཀྱི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་རྣམས་ཀྱིས་ཀྱང་སྲོལ་འདིའི་རྒྱུན་བསྐྱངས་ནས་ཁྱབ་བདག་རྡོ་རྗེའི་སངས་རྒྱས་སམ་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་བ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་བསྟོད་ཚིག་འབུལ་ཞིང་གོང་མའི་ཕོ་བྲང་དུ་གདན་འདྲེན་ཞུས་ནས་ཆོས་ཀྱི་བླ་མར་བཀུར་ཞིང་སྲིད་ཀྱི་གྲོགས་དན་དུ་བསྟེན་པ་ཡིན།  

ཨལ་ཐན་རྒྱལ་པོར་མཚོན་ནའང་ཞྭ་སེར་བསྟན་པའི་མངའ་བདག་ཆེན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གིས་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་པའི་མཚན་གསོལ་རྗེས།   མིང་རྒྱལ་རབས་ཀྱི་ཤུན་ཨི་ལྭང་དང་སོག་པོ་མི་རིགས་ཀྱི་རྒྱལ་པོ་དེ་ཞྭ་སེར་བསྟན་པར་དད་པའམ་དེའི་ལུགས་ལྟར་ཆབ་སྲིད་སྐྱོང་བའི་རྒྱལ་པོ་ཞིག་ཏུའང་གྱུར་པས།   སྙན་པའི་གྲགས་པ་སྔར་ལས་རྒྱ་ཁྱབ་ཏུ་གྱུར་ཅིང་།   ཞྭ་སེར་བསྟན་པ་ཁྱབ་སོ་ཅོག་ལ་དབང་སྒྱུར་བྱེད་པར་དོན་སྙིང་གལ་ཆེན་ཡོད་པར་གྱུར།  

གསུམ།   ལུགས་སྲོལ་ངན་པ་བཅོས་བསྒྱུར་བྱས་ནས་ཤེས་རིག་ལྡན་པའི་སྤྱི་ཚོགས་སུ་འཕེལ་བར་སྐུལ་འདེད་བྱས་པ།   རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་ཕྱག་ཕེབས་མཛད་ནས་ཨལ་ཐན་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ་བ་དང་ཆབས་ཅིག ཧོ་ཐག་ཐའི་སེ་ཆེན་ཧོང་ཐའི་ཅིས་ཁྲོམ་འབུམ་ཕྲག་འཚོགས་པའི་དབུས་སུ་ཕྱོགས་འདི་ན་ཡོད་པའི་རྒྱ་བོད་ཧོར་སོག་ཀུན་གྱིས་ཀྱང་དགེ་བ་བཅུའི་ཁྲིམས་ལ་གནས་པ་དགོས།  ཉི་མ་དེ་རིང་ནས་ཁྱད་པར་སོག་པོ་རྣམས་ཁྲིམས་སུ་བཅས་པ་ནི་སྔར་སོག་པོ་ཤི་བའི་རྗེས་སུ་དྲག་ཞན་གྱི་རྣམ་དབྱེ་རང་གི་ཆུང་མ་བྲན་གཡོག་རྟ་ནོར་སོགས་སྲོག་གཅོད་པ་ཡིན་ནའང་།   ད་ཕྱིན་ཆད་སྲོག་གཅོད་ཀྱི་ཡུལ་ཏུ་གྱུར་པའི་རྟ་ནོར་སོགས་ཀྱི་སྟེང་དུ་ཇི་ཙམ་བློས་འཚམ་པར་བཅད་ནས་དགེ་འདུན་དང་བླ་མ་ལ་ཕུལ།   བསྔོ་བ་སྨོན་ལམ་ཞུ།   གཤིན་པོའི་རྗེས་སུ་དམིགས་པའི་སྲོག་གཅོད་གཏན་ནས་མ་བྱེད།   གལ་ཏེ་སྔར་བཞིན་མི་བསད་པ་བྱུང་ན་ཁྲིམས་ཀྱིས་ལུས་སྲོག་དང་འབྲལ་བ་ཡིན།   རྟ་ཕྱུགས་བསད་པ་བྱུང་ན་ཁྲིམས་ཀྱིས་ནོར་ཐམས་ཅད་འཕྲོག  བླ་མ་དང་དགེ་འདུན་གྱི་ཆ་ལུགས་ཅན་ལ་བརྡུང་བཙོག་སོགས་ལག་བཞག་པ་བྱུང་ན།   ལག་འཇོག་མཁན་གྱི་གཞི་མ་ཐམས་ཅད་གཏོར།   སྔར་ཨོང་གོད་དུ་གྲགས་པའི་གཤིན་པོ་ཐམས་ཅད་ཀྱི་གཟུགས་བྱས་པ་མིང་བཏགས་པའི་ཟླ་བ་བྱུང་རེས་ཀྱི་ཉ་སྟོང་བརྒྱད་གསུམ་ལ་རྟ་ཕྱུགས་བསད་པའི་ཁྲག་གིས་མཆོད་པ་དང་།   ལོ་དུས་ཀྱི་མཆོད་པ་དྲག་ཞན་གྱི་དབྱེ་བ་མང་ཉུང་མཐའ་ཡས་ཤིག་གསོད་པ་རྣམས།  དེང་ཕྱིན་ཆད་ནས་བཟུང་རྟེན་དེ་རྣམས་མེ་ལ་བསྲེགས་ནས།   ལོ་ཟླའི་དུས་ཀྱི་མཆོད་པར་སྲོག་གཅོད་པ་གཏན་ནས་མ་བྱེད།   གལ་ཏེ་བྱས་པ་བྱུང་ན་ཁྲིམས་ཀྱི་ཆད་པ་རྟ་ནོར་གང་བསད་ཀྱང་དེའི་བཅུ་འགྱུར་འཕྲོག ཨོང་གོད་ཀྱི་ཚབ་ཏུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུ་རེ་འཛིན་པ་དང་།   དེ་ལ་ཡང་དཀར་གསུམ་གྱི་མཆོད་པ་མ་གཏོགས་ཤ་ཁྲག་གིས་མཆོད་པ་གཏན་མ་བྱེད།   གཞན་ཡང་ཐམས་ཅད་ཀྱིས་དགེ་བ་ལ་འབད་ལ།   ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་སྲུངས།   རྒྱ་བོད་ཧོར་ཀུན་ལ་དགོས་མེད་ཀྱི་འཕྲོག་འཇོམས་མ་བྱེད།   མདོར་ན་བོད་ཡུལ་དབུས་གཙང་དུ་ཇི་ལྟར་བྱ་བ་ལྟར།   ཡུལ་ཕྱོགས་འདིར་ཡང་བྱ་དགོས་ཞེས་ཁྲིམས་མང་དུ་བསྒྲགས་སོ།  །   ཞེས་བཅའ་ཁྲིམས་བཅོས་པ་དེས་སོག་པོ་རྣམས་ཀྱིས་མི་ཤི་རྗེས་རང་གི་ཆུང་མ་དང་བྲན་གཡོག རྟ་ནོར་སོགས་སྲོག་བཅད་ནས་གཤིན་རྫས་བྱེད་པའི་རྗེས་ལུས་དང་ཡ་ང་བའི་གོམས་སྲོལ་སྒྱུར་པ་དང་།   ལས་སུ་སྡིག་དང་ཟས་སུ་ཤ་ཁྲག་ཁོ་ན་ལོངས་སྤྱོད་ཅིང་བླ་མ་དང་དགེ་འདུན་གྱི་ཆ་ལུགས་ཅན་ལ་བརྡུང་བཙོག་སོགས་ལག་འཇོག་པ།   རྒྱ་བོད་ཧོར་གསུམ་ལ་དགོས་མེད་ཀྱི་འཕྲོག་བཅོམ་བྱེད་པའི་སྡིག་སྤྱོད་དང་དམུ་རྒོད་ཀྱི་བྱ་སྤྱོད་འགོག་པ།   ས་མན་ཆོས་ལུགས་ཀྱིས་ཨོང་གོད་དུ་གྲགས་པའི་གཤིན་པོ་ཐམས་ཅད་ཀྱི་གཟུགས་བྱས་ལ་ཟླ་རེའི་ཚེས་བཅོ་ལྔ་གནམ་སྟོང་དང་བརྒྱད་ལ་རྟ་ཕྱུགས་བསད་པའི་ཁྲག་གིས་མཆོད་པ་དང་།  ལོ་ཟླའི་མཆོད་པར་རྟ་ཕྱུགས་མཐའ་ཡས་པ་བསད་ནས་མཆོད་པ་སོགས་ཀླ་ཀློ་དང་བླུན་རྨོངས་ཀྱི་མཆོད་སྦྱིན་བྱེད་སྲོལ་སོགས་བཅོས་བསྒྱུར་བྱས་ནས་ཡ་རབས་དང་ཤེས་རིག་ལྡན་པའི་སྤྱི་ཚོགས་སུ་སྐུལ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།  

བཞི།   རྒྱལ་བ་བསོད་ནམས་རྒྱ་མཚོ་དང་མིང་རྒྱལ་རབས་བར་འབྲེལ་བ་ཆགས་པ།   རྒྱལ་པོ་ཨལ་ཐན་གྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་སྤྱན་འདྲེན་ཞུ་བའི་དོན་དེ་མིང་རྒྱལ་རབས་ཀྱིས་གསལ་པོར་ཤེས་པར་མ་ཟད།   དོན་དེ་ལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་ཐུགས་མཉམ་མཛད།   དེ་ཡང་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་ཕྱག་ཕེབས་མཛད་དུས་རྒྱ་ནག་ནས་ཟིན་གུ་ཤྲི་རྟ་བ་བརྒྱ་ཕྲག་དང་བཅས་ཏེ་བསུ་བ་ལ་འོངས་ཤིང་།   རྒྱ་ལུགས་ཀྱི་རྩེད་སྣ་དང་འབུལ་བ་སོགས་མང་དུ་བྱས་པ་དང་།   དེ་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་བཞུགས་སུ་གསོལ་ཞིང་འུར་བསྡུས་ཀྱི་རྒྱལ་བུ་བིན་དུས་སྤྱན་དྲངས་དུས་རྒྱ་ནས་རྒྱལ་པོ་ཧོ་ཁྱི་ཐུལ་གྱིས་ཕོ་ཉ་བཏང་ནས།   རིན་པོ་ཆེ་པདྨ་ར་ག་ཨིཎྡྲ་ནཱི་ལ།   མརྒད།   བེེཊྰུརྱ་རྣམས་བྲེ་གང་ཙམ།  གསེར་སྲང་སྟོང་ཕྲག་གཅིག དངུལ་དང་མ་ན་ཧོའི་སྤྱད་པ་མང་པོ།   སྐུ་བེར།   རྟེན་ཁེབས།   གོས་ཆེན་འབྲུག་སྡེར་ལྔ་ཡོད་པ་མང་པོ།   ཐགས་གྲུབ་ཀྱི་རིགས་ལྔའི་དབུ་རྒྱན་ཚེ་དཔག་མེད་ཀྱི་སྐུ།   གསེར་ལས་གྲུབ་པའི་ཕྱག་དཔེ།  དྲིལ་བུ།   ཊཱ་མ་རུ།   སྐུ་འདྲ།   འཕྲེང་བ།   རོལ་ཆ་སོགས་ཡིད་འཕྲོག་པའི་སྤྱད་པ་དཔག་ཏུ་མེད་པ་ཕུལ།  

སྐུ་ཞབས་ཡ་ཧན་ཀྲང་གིས་མཛད་པའི་ ཏཱ་ལའི་བླ་མའི་རྣམ་ཐར་དུ་བཀོད་པ་ལྟར་ན།   ཨལ་ཐན་རྒྱལ་པོ་ནུབ་ཕྱོགས་མཚོ་སྔོན་དུ་བསྐྱོད་པ་ལ་མིང་རྒྱལ་རབས་ཀྱི་སྲིད་གཞུང་མགོ་བོ་ན་བཞིན་ཡོད་ལ།   ཐབས་ཤེས་ཀྱང་མེད་པའི་གནས་ལུགས་སུ་གྱར་པས།   ཨལ་ཐན་རྒྱལ་པོས་རྒྱལ་བ་བསོད་ནམས་རྒྱ་མཚོར་བརྩི་འཇོག་ཧ་ཅང་ཆེན་པོ་བྱས་ནས་ཅི་གསུངས་དང་ལེན་བྱེད་ཀྱི་ཡོད་ཚུལ་གོ་རྗེས།  སྤྱི་ལོ་1578ལོར་མིང་གོང་མ་བན་ལིས་ཀན་སུའུ་ཡི་ཞུན་ཧྥུ་ཧོའུ་ཏུང་ལའི་ལ།   མཚོ་སྔོན་དུ་མི་བཏང་ནས་རྒྱལ་བ་བསོད་ནམས་རྒྱ་མཚོ་ཀན་སུའུ་རུ་ཁོ་དང་འཇལ་འཕྲད་གནང་པར་གདན་འདྲེན་ཞུ་དགོས་པར་མ་ཟད།   རྒྱལ་བ་བསོད་ནམས་རྒྱ་མཚོས་ཨལ་ཐན་ལ་དམག་ཁྲིད་ནས་སོག་ཡུལ་དུ་ཕྱིར་ལོག་དགོས་པའི་ཞལ་ཏ་བསླབ་བྱ་གནང་དགོས་ཞེས་ཀྱང་ཞུ་དགོས་པའི་བཀའ་ཕབ་པ་ལྟར་ཀན་སུའུ་ཞུན་ཧྥུ་ཡིས་རྒྱལ་བ་བསོད་ནམས་རྒྱ་མཚོ་ཀན་སུའུ་ལ་སྤྱན་འདྲེན་ཞུས་ནས།   དེ་སྔ་འགྲོ་མགོན་འཕགས་པར་སྣེ་ལེན་ཞུ་བ་དང་འདྲ་བའི་སྣེ་ལེན་གཟབ་རྒྱས་ཞུས་ཤིང་འཕགས་པ་བཞུགས་མྱོང་བའི་སྤྲུལ་བའི་སྡེར་བཞུགས་སུ་གསོལ་བ་རེད།   རྒྱལ་བ་བསོད་ནམས་རྒྱ་མཚོས་ཡུལ་དེ་ནས་མིང་རྒྱལ་རབས་ཀྱི་སྲིད་གཞུང་གི་བློན་ཆེན་ལ་འཕྲིན་ཡིག་འདི་འདྲ་ཞིག་བསྐུར་གནང་མཛད།   “ཤཱཀྱ་ཐུབ་པའི་

དགེ་སློང་བསོད་ནམས་རྒྱ་མཚོ་དཔལ་བཟང་པོས་ཐལ་མོ་སྦྱར་ཏེ་གོང་མའི་སྲིད་གཞུང་ལ་ཕྱག་འཚལ་ཞིང་།   གོང་མས་བསྐོས་པའི་ཀན་ཏ་གོ་ཧྲི་སྐུ་ཞབས་ཀྲང་ལགས་ལ་ཞུ་རྒྱུར།   གང་ཉིད་ཀྱི་མཚན་ཉི་ཟླ་ལྟར་གཟི་འོད་འཕྲོ་བ་ཞིག་ཡིན་པས།   གནམ་འོག་ཀུན་གྱིས་གང་ཉིད་མཆིས་པ་དང་སྐུ་གཟུགས་བདེ་པོ་ཡོད་པ་ཤེས་ཀྱི་ཡོད་པ་རེད།  ཕྲན་གྱིས་གོང་མ་སྐུ་གཟུགས་བདེ་ཐང་ཡོང་ཆེད།   ཉིན་མཚན་མེད་པར་གསོལ་བ་འདེབས་ཀྱི་ཡོད།   ཀན་ཀྲོའུ་ཡི་ཨེར་ཐང་ཡུལ་དུ་ཕྲན་མཁར་ནང་དུ་སླེབས་ནས་ས་གནས་གྱི་བྱ་བའི་དོན་དུ།   སྔོན་ལ་གོང་མའི་སྲིད་གཞུང་ལ་ཞུ་ཡིག་ཕུལ་བ་ཡིན།   རྟ་དང་དངོས་པོ་འབྱོར་བྱུང་།   ཕྲན་དང་ཧྲན་ཧྭ་ལྭང་ལ་གོ་གནས་གནང་རྒྱུ་ཐད།   ཕྲན་ལ་སྔོན་དཔེ་ལེགས་གྲས་ལྟར་གནང་བའི་རེ་བ་ཡོད།   ཕྲན་གྱིས་གོང་མ་དང་བློན་ཆེན་ལ་ཉིན་མཚན་མེད་པར་ཞབས་བརྟན་བསྒྲུབས་ནས་གནམ་འོག་བདེ་འཇགས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད།   འདི་ནི་ཕྲན་གྱི་སེམས་བཟང་ཡིན།  

ཞེས་གུས་པས་ཕུལ་བའི་ཡི་གེ་སྤྱན་ལམ་དུ་འབབ་པའི་ཐབས་ཀྱི་རྟེན་མཚོན་བྱེད་དུ།   སྤྱན་རས་གཟིགས་ཕྱག་བཞི་བའི་སྐུ་བརྙན་གཅིག་དང་།   སྣམ་བུ་བུབས་གཉིས།   རྡོ་རྗེ་དཔལ་བེའུ་གཅིག་བཅས་ཕུལ་ཡོད།   སྐུ་ཞབས་གང་ཉིད་ཀྱིས་ཤུན་ཨི་ལྭང་སྔ་ཙམ་ཞིག་ལ་ཕ་ཡུལ་དུ་ཕྱིར་ལོག་དགོས་ཞེས་བཀའ་མངག་གནང་བྱུང་བས།  ཕྲན་གྱིས་ཁོང་ཕྱིར་ལོག་དགོས་པའི་བཀོད་པ་བཏང་བ་ཡིན།   སྟག་ལོ་ཡི་ཟླ་12པའི་ཚེས་ཤར་ལ་ཕུལ།  ཞེས་འཕྲིན་ཡིག་བསྐུར་ཞིང་གོང་མའི་བཀའ་བཀོད་ཞལ་བཞེས་མཛད་ནས་ཨལ་ཐན་རྒྱལ་པོ་མཚོ་སྔོན་ནས་ནང་ལོག་ཏུ་ཕྱིར་ལོག་དགོས་པའི་བཀོད་པ་བཏང་པ་རེད།  

དེ་ནས་སྤྱི་ལོ་1579ལོར་ཆབ་ཆ་ཐེག་ཆེན་ཆོས་འཁོར་གིང་དུ་སྐྱ་སེར་གྱི་ཁྲོམ་ཆེན་པོ་འཚོགས་ནས་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འབུལ་སྐབས་རྒྱ་ནག་ནས་ཉིང་ཤཱ་རྒྱལ་བུས་རིན་པོ་ཆེ་དང་རོལ་ཆ།   དིང་ཕོན་གྱི་རིགས།  ཕོ་བྲང་གི་སྤྱད་པ་ཡ་མཚན་ཅན་མང་དུ་འབུལ་མི་མངགས་ཡོང་།   ལོ་དེའི་ཟླ་བཞི་པར་རྒྱལ་པོ་དཔོན་གཡོག་འགའ་ཞིག་ལ་ཀྱེེ་རྡོར་གྱི་དབང་གནང་ཞིང་འུར་སྡུད་ཇུ་ནང་རྒྱལ་པོ་ལ་མཇལ་ཁ་གནང་།   སོག་པོ་ཨོ་རོད་ནང་འཁྲུག་བྱུང་བ་ཞི་བར་མཛད་པས།   ལོ་དེའི་ཧོར་ཟླ་བརྒྱད་པར་རྒྱ་ནག་གོང་མ་བན་ལི་རྒྱལ་པོས་རྒྱལ་ཁམས་ཐམས་ཅད་ཀྱི་སྐྱབས་གནས་གྱོག་ཆིང་ཤྲིའི་མཚན་དང་།  ཐམ་ཁ་ལུང་ལས་ཞྭ་ལས་གོས།   འཇའ་ས་སོགས་དང་།  ངེད་རང་གི་འབངས་སུ་གྱུར་བའི་སོག་པོ་ཚོ་ཆེན་བཞི་བཅུ་དང་།   གན་ཅུ་དུ་ཐང་གི་མི་དཔོན་སོགས་ཀྱི་རེ་བ་ཡོངས་སུ་བསྐལ་བ་ལེགས་ཤིང་།   ཕོ་བྲང་ཆེན་པོར་ཡང་རིམ་གྱིས་གདན་འདྲེན་ཞེས་པ་སོགས་ཀྱི་བཀའ་ཤོག་གནང་།  མིང་རྒྱལ་རབས་ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕྱག་ཕེབས་མཛད་པར་དགའ་བསུ་དང་སྐྱེས་འབུལ།   བསྟོད་ཚིག་འབུལ་བ།   བེད་སྤྱོད་གཏོང་པ་བཅས་རིམ་པར་བྱེད་པའི་དུས་མཉམ་དུ་མཆོད་ཡོན་ཟུང་གི་བྱ་འགུལ་ལ་ཐུགས་མཉམ་ཆེན་པོ་མཛད་ནས།   རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ལ་རྒྱ་བོད་སོག་གསུམ་གྱིས་དད་པ་ཆེན་པོས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་སུ་བསྟེན་ཞིང་དེ་དག་གི་ཁྲོད་དུ་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་པ་རྟོགས་པ་དང་ཁྱད་པར་དུ་རྗེ་ཉིད་ཀྱིས་མིང་གོང་མས་འགྲུབ་མ་ཐུབ་པའི་དོན་དག་སྟེ་ཨལ་ཐན་རྒྱལ་པོ་མཚོ་སྔོན་ནས་ནང་སོག་ཏུ་ཕྱིར་ལོག་ཏུ་མཛད་ཅིང་།   སོག་པོ་ཚོ་ཆེན་བཞི་བཅུ་དང་གན་ཅུ་དུ་ཐང་གི་མི་དཔོན་སོགས་ཀྱི་རེ་བ་ཡོངས་སུ་བསྐངས་ནས་རྒྱལ་ཁམས་བདེ་ལ་བཀོད་པས།   སྤྱི་ལོ་1588ལོར་རྒྱའི་གོང་མ་རྒྱལ་པོས་ཕོ་བྲང་དུ་ཕེབས་དགོས་པའི་གདན་འདྲེན་པར་མི་བརྒྱད་ཀྱིས་གཉའ་བ་ནས་བཏེག་པའི་གསེར་ཡིག་པ་མངགས།   ཀྭ་དིང་ཏའི་གུ་ཤྲཱིའི་མཚན་དང་།   ལས་ཀ་ཆེ་བ་འདི་རེས་བྱུང་བ་རྟེན་འབྲེལ་དུ་དགོངས་ནས་ཕོ་བྲང་དུ་ཕེབས་པའི་ཞལ་བཞེས་མཛད་མོད།   བློ་ཕངས་པ་ནི་གོང་མའི་ཕོ་བྲང་དུ་ཕེབས་ལོང་མ་བྱུང་པར་ལོ་དེའི་ཟླ་གསུམ་པར་སོག་ཡུལ་དུ་སྐུ་གཤེགས།  

ལྔ།   མི་རིགས་ཀྱི་འབྲེལ་བ་ཇེ་དམ་དང་སྤྱི་ཚོགས་ཀྱི་གནས་བབ་ལྷིང་འཇགས་སུ་གྱུར།   རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གིས་ཨལ་ཐན་རྒྱལ་པོ་དང་སོག་པོའི་སྐུ་དྲག་རྣམས་ཀྱིས་སྦྱིན་བདག་དང་རྒྱབ་རོགས་ལ་བརྟེན་ནས་ཕྱོགས་ཀྱི་མི་རིགས་རྣམས་ཞྭ་སེར་བསྟན་པའི་གདུགས་འོག་གཅིག་ཏུ་བསྡུས་པ་དང་།   རྒྱ་བོད་ཧོར་གསུམ་ལ་དགོས་མེད་ཀྱི་འཕྲོག་བཅོམ་དང་བླ་མ་དགེ་འདུན་ལ་མ་གུས་པའི་རྡུང་རྡེག་བྱེད་མི་ཆོག་པའི་ཁྲིམས་ལུགས་བཅོས་པ།   སྤྱི་ལོ་1758ལོར་སྔོན་ཆ་དཀར་གྱི་རྒྱལ་བརྒྱུད་ཀྱིས་གཙོས་པའི་དཔུང་ཁྲི་ཕྲག་ཙམ་ཞིག་རྒྱ་ནག་ལྕགས་རི་ཕྱི་མའི་ནང་དུ་ཤོར་བ་ལས།   མི་སྡེ་ཐམས་ཅད་འཇིགས་ཤིང་སྐྲག་པས་རྒྱལ་དབང་བསོད་ནམས་རྒྱ་མཚོས་སོག་པོ་རྣམས་ལ་ཆོས་དང་འབྲེལ་བའི་བཀའ་སློབ་བསྩལ་ནས་ཁོ་རང་ཚོའི་ཡུལ་དུ་བརྫངས་པས།   རྒྱ་ནག་ཀུན་འཇིགས་པ་ལས་བསྐྱབས་པ་དང་།   སྤྱི་ལོ་1579ལོར་སོག་པོ་འུར་སྡུད་དང་ཨོ་རོད་ནང་འཁྲུག་བྱུང་བ་རྣམས་ལ་བཀའ་དཔྱད་ཀྱིས་བདེ་འཇགས་སུ་བཀོད་པ།   མིང་གོང་མའི་བཀའ་བཀོད་ལྟར་ཨལ་ཐན་རྒྱལ་པོར་ཞལ་ཏ་བསླབ་བྱ་གནངས་ཏེ་དམག་དཔུང་ཁྲིད་ནས་སོག་ཡུལ་དུ་ཕྱིར་ལོག་ཏུ་བཅུག་པ་དེས་ཆོས་ལུགས་དང་ཁྲིམས་ལུགས་དང་།   ཁོར་ཡུག་བཅས་ཀྱི་ཐད་ནས་མི་རིགས་ཀྱི་འབྲེལ་བ་ཇེ་དམ་དང་རྒྱལ་ཁམས་ལྷིང་འཇགས་སུ་འགྲོ་བར་ཡར་སྐུལ་གྱི་ནུས་པ་རྒྱ་ཆེན་པོ་ཐོན་པས།   མིང་རྒྱལ་རབས་ཀྱང་ཐུགས་དགོངས་དགྱེས་ཤིང་བདེ་བར་གྱུར་ནས།   རྒྱལ་དབང་མཆོག་ལ་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ་ཞེས་པའི་མཚན་གསོལ་ཞིང་རྒྱལ་པོའི་ཕོ་བྲང་དུ་གདན་འདྲེན་ཕོ་ཉ་མངགས་པ་གོང་དུ་བཤད་པ་བཞིན་ནོ།  །  

 

བཞི་པ།   ཆབ་ཆ་ཐེག་ཆེན་ཆོས་འཁོར་

གླིང་གི་འཇིག་ཚུལ་བཤད་པ།  

 

སྤྱི་ལོ་1583ལོར་ཨལ་ཐན་རྒྱལ་པོ་ནང་སོག་གི་ཐུ་མེད་ཅེས་པའི་ས་ཆར་སྐུ་གཤེགས་རྗེས།   རྒྱལ་ས་སྲས་ཆེ་བ་སེང་གེ་དཱུ་གུ་རུང་ཐེ་མུར་ཧོང་ཐེ་ཅི་ལ་གཏད་ཀྱང་དེ་དང་སྲས་བཞི་པ་ཆོག་ཐོ་གཉིས་ལོ་གཉིས་གསུམ་གྱི་གཞུག་ནས་འཕྲོ་རིམ་འཕྲོར་ཚེ་ལས་འདས་ཏེ།   རྒྱལ་ས་ཚ་བོ་སཱུ་མིར་ཏའི་ཆིང་ཧོང་ཐའི་ཅི་ལ་གཏད།   དེའི་རིང་ལ་མཚོ་སྔོན་གྱི་སོག་པོའི་ཤོག་ཁ་སོ་སོས་འཕྲོ་རིམ་འཕྲོར་དོན་རྐྱེན་བཟོས་ཤིང་།   སྤྱི་ལོ་1588ལོར་ཟི་ལིང་དུ་དཔུང་འཇུག་བྱས་ནས་མིང་རྒྱལ་རབས་ཀྱི་པུའུ་པིན་གཞོན་པ་ལིས་ཁོས་བཀྲོངས།  དེའི་རྗེས་སུ་ཟི་ལིང་བརྒལ་ནས་མོང་ཀྲིག་(ད་ལྟའི་ཀོས་ནན་རྫོང་གི་ལྷོ་ནུབ་)དང་ཉེ་ཀོང་ཁྲོན་(ད་ལྟའི་ཞུན་ཧྭ་རྫོང་གི་ལྷོ་ནུབ་)ཏུ་བསྐྱོད་དེ་བཅའ་སྡོད་བྱས།   ཨལ་ཐན་ཧན་གྱི་ཚ་བོ་ཁྲི་ལེ་ཁིས་ཀྱང་ཐག་རིང་ནས་རམ་འདེགས་བྱེད་ཆེད།   སྤྱི་ལོ་1590ལོར་ནུབ་ཏུ་བསྐྱོད་ནས།   ཀན་སུའུ་དང་མཚོ་སྔོན་འདྲེསམཚམས་ཀྱི་ཧོ་ཀྲིག་(河州)དང་ཐོད་ཀྲིག་(洮州)སོགས་ས་ཆར་ཕར་རྒོལ་བྱས་པས།  མིང་རྒྱལ་རབས་ཀྱིས་པིན་པུའུ་ཧྲང་ཧྲུའུ་(兵部尚书)ཀྲིན་ལའོ་ཞེས་པ་དོན་དེ་ཐག་གཅོད་དུ་མངགས།   སྤྱི་ལོ་1591ལོར་ཀྲིན་ལའོ་ཧྲང་ཧྲུའུ་ཡིས་དམག་དཔུང་ཁག་གསུམ་དུ་བགོས་ནས་ཕར་རྒོལ་བྱས།   དོན་རྐྱེན་བཟོ་བའི་འགོ་འཛིན་པ་ཧོ་ལའོ་ཁྲི་དང་ཀྲིན་ཞང་ཞེས་པ་གཉིས་ཀྱིས་གནས་ཚུལ་དེ་ཐོས་ནས་མཚོ་སྔོན་པོའི་ནུབ་ཕྱོགས་སུ་བྲོས།  ཀྲིན་ལའོ་ཧྲང་ཧྲུའུ་ཡི་དམག་གིས་མཚོ་སྔོན་པོ་བརྒལ་རེག་བར་དུ་རྗེས་འདེད་བྱས་རྗེས་ཕྱིར་ལོག ཕྱིར་ལོག་པའི་ལམ་བར་དུ་ཀྲིན་ལའོ་ཧྲང་ཧྲུའུ་གཏན་ལ་ཕབ་པ་སྟེ།   “དེའི་(སོག་པོའི་)བཞུད་ལམ་གཅོད་པ།   དེའི་ཚོང་ར་བསྒྱུར་པ།  དེའི་དགོན་སྡེ་བསྲེག་པ་བཅས་ཀྱི་འཐབ་ཇུས་དམིགས་འབེན་ལྟར་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེར་བཏང་།  མི་རིགས་སོ་སོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་སྒྱུ་རྩལ་གྱི་ཞིང་ཁམས།   སྐབས་དེའི་མཚོ་སྔོན་ཕྱོགས་ཀྱི་ཆོས་སྲིད་ཟུང་གི་ལྟེ་བ།   ཞྭ་སེར་བསྟན་པ་བྱང་ནས་ཤར་དུ་དར་བའི་གནས་མཆོག་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དེ་ཐག་ཞོར་འབྲེང་དྲུད་བྱས་ནས་མིང་གི་ལྷག་མར་གྱུར་བར་བློ་མི་ཕངས་པའི་སྐྱེ་བོ་སུ་ཞིག་མཆིས།  

 

( རྩོམ་སྒྲིག་འགན་ཁུར་བ་གཡུ་སྒྲོན།  )

 

ཆབ་འགག་རྟ་མགྲིན།   ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་ཡིན།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101