中国藏文学术期刊网
您的当前位置:首页> 搜索结果
为您检索到0条匹配字符
ཀྲུང་གོའི་བོད་རིག་པའི་ཕུལ་བྱུང་བརྩམས་ཆོས།
༄༅། ། “མདོ་སྨད་”ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པ།
རྩོམ་པ་པ:མགོན་པོ་སྐྱིད།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་མདོ་སྨད་ཅེས་པའི་མིང་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་དུས་ནམ་ཞིག་ལ་བྱུང་བ་དང་།   སྐབས་དེའི་ས་མིང་གི་ཁྱབ་ཁོངས་ག་འདྲ་ཡིན་པ།   ཕྱིས་སུ་འགྱུར་བ་གང་འདྲ་བྱུང་སྟེ།   མཐར་ཨ་མདོ་དང་ངོ་བོ་གཅིག་ཏུ་འདྲེས་ཚུལ་སོགས་ལ་དཔྱད་པ་བཏང་ཡོད།  

[བརྡ་ཆད་གཙོ་བོ།] P.T1288 མདོ་སྨད།   བྱུང་འགྱུར།  

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།  ] K281

[ཡིག་ཚང་མཚན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2014)01-0097-12

ས་མིང་ལ་ས་གཤིས་དང་ས་བབ་ཀྱི་ཁྱད་ཆོས་གྱ་ནོམ་པ་དང་།   རིགས་རུས་ཀྱི་རྗེས་ཤུལ་གཏིང་ཟབ་མོ།  མངའ་རིས་བདག་འཛིན་དང་རིག་གནས་ཀྱི་མཚོན་དོན་རྒྱ་ཆེན་པོ་ལྡན་པས།   ས་མིང་ངོས་འཛིན་དང་ཞིབ་འཇུག་བྱེད་རྒྱུ་ནི་ལོ་རྒྱུས་འབྲི་བཞེངས་དང་ཞིབ་འཇུག་གི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མངོན་མོད།   འོན་ཀྱང་ས་མིང་གི་མངའ་རིས་ཁྱབ་ཁོངས་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དང་།   ཆབ་སྲིད་ཀྱི་དགོས་དབང་།   ས་ཁོངས་བཅད་བཟུང་སོགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་འགྲོ་བ་ཞིག་ཡིན་པས།   དུས་མཚམས་རེ་རེའི་ས་མིང་གི་འགྱུར་བ་དང་ས་མིང་ཁྱབ་ཁོངས་ཀྱི་འགྱུར་བ་ལ་ངོས་འཛིན་བྱེད་རྒྱུ་གལ་ཆེ་བ་མ་ཟད།   འགྱུར་བ་བྱུང་ཚུལ་གྱི་ཁྱད་ཆོས་དང་རྒྱུ་རྐྱེན་སོགས་ལ་དཔྱད་ཞིབ་གཏིང་ཟབ་བྱེད་རྒྱུའང་ཤིན་ཏུ་གལ་ཆེ་བར་འདོད།   དེ་བས་རང་རེ་བོད་ཀྱི་གནའ་བོའི་ཡིག་ཆ་དང་རྡོ་རིང་།   ཁྲམ་བྱང་།   ཏུན་ཧོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་སུ་གསལ་བའི་ས་མིང་ངོས་འཛིན་དང་ཞིབ་འཇུག་བྱེད་རྒྱུ་ནི་འདས་མ་ད་གསུམ་གྱི་ལོ་རྒྱུས་དགོས་དབང་དང་རིག་གནས་འཛིན་སྐྱོང་གི་ཐབས་ཤིག་ཡིན་ལ།   དེ་ལས་ལྷག་པའི་བོད་མི་རིགས་དང་འབྲེལ་ཡོད་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཐོག་མའི་ཆ་རྐྱེན་ལྟ་བུ་ཡིན་པས།   ས་མིང་ཞིབ་འཇུག་བྱེད་རྒྱུ་ནི་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས།   ས་རྒྱུས།   དམག་དོན།   ཆབ་སྲིད།   སྤྱི་ཚོགས་འཕེལ་འགྱུར་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་གི་ཁུངས་སྣེ་ལྟ་བུའི་གནད་འགག་ཅིག་ཏུ་འཁུམས།   དེ་བས་ཕྲན་གྱིས་རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་ཆར་བཀོད་ནས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་།   ད་དུང་ཡང་མ་ཉམས་པར་སྤྱོད་བཞིན་པའི་མདོ་སྨད་ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པའི་ལས་ལ་འབད་འབུངས་བྱེད་ཁུལ་བྱས་པ་ཡིན།  

 

གཅིག P.T1288དུ་མདོ་སྨད་ཅེས་པའི་

མིང་བོད་ཀྱི་ལོ་རྒྱུས་ཡིག་ཆར་

ཐོག་མར་བྱུང་བ།  

 

སྤྱིར་ཉེ་རབས་ཀྱི་ལོ་རྒྱུས་དཔེ་ཆ་རེ་འགའ་དང་།   རྒྱུན་སྤྱོད་འཚོ་བའི་ཁྲོད་དུ་མཚམས་རེར་མདོ་སྨད་དང་ལན་རེར་ཨ་མདོ་ཞེས་པའི་མིང་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་བཀོལ་སྤྱོད་བྱས་དང་བྱེད་བཞིན་ཡོད་ལ།   དེང་གི་ལོ་རྒྱུས་སྨྲ་བ་རེ་འགས་མདོ་སྨད་ཅེས་པའི་མིང་ནི་མདོ་ཁམས་སྟོད་དང་མདོ་ཁམས་སྨད་གཉིས་རིམ་འགྱུར་གྱིས་མདོ་སྟོད་དང་མདོ་སྨད་ཅེས་བསྡུས་མིང་གི་འབྲི་ཚུལ་བྱུང་བའི་བཤད་རྒྱུན་ཡོད།   ཡིན་ན་ཡང་།   བོད་བཙན་པོ་དང་སིལ་བུའི་སྐབས་ཀྱི་བོད་རྒྱ་ལོ་རྒྱུས་ཡིག་ཆར་མཇལ་ན་དེ་ནི་མདོ་ཁམས་སྟོད་དང་མདོ་ཁམས་སྨད་ལས་རིམ་འགྱུར་གྱིས་བྱུང་བར་ཡིད་རྟོན་རུང་བའི་དཔྱད་ལུང་བཙལ་ཁག་པའི་གནས་སུ་གྱུར་པས།   གཤམ་ནས་ཁོ་མོས་མདོ་སྨད་ཅེས་པའི་མིང་བྱུང་བའི་དུས་ཀྱི་སྔ་ཕྱིའི་སྟེང་ནས་ཅུང་གླེང་བར་བྱ་ལ།  

ཏུན་ཧོང་ནས་ཐོན་པའི་ཡིག་ཆ་P.T.1288སྟེ་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ།   གླང་གི་ལོ་ལ་བབ་སྟེའ།  བཙན་པོ་ཉེན་ཀར་ན་བཞུགས་ཤྀང་།   བློན་ཆེ་སྟོང་རྩན་གྱིས།   གཡུག་དུ་གནག་ལྀངས་བཏབ།   ……ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཆུག མདོ་སྨདུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་བཀུམ་སྟེ་ཤ་གཉརད་ཕར་ལོ་གཆིག ཅེས་བོད་ཡིག་གི་ལོ་རྒྱུས་ཡིག་ཆར་སྤྱི་ལོ་653ལོར་མདོ་སྨད་ཅེས་པའི་མིང་ཐོག་མར་བྱུང་ཞིང་།  མདོ་སྨད་ཅེས་པའི་མིང་འདི་རང་ཅག་གི་ལོ་རྒྱུས་ཡིག་ཆར་བཀོད་ནས་སྤྱི་ལོ་2013བར་ལོ་ངོ་1360ལྷག་གི་ལོ་རྒྱུས་ལྡན་པ་དང་།   སྤྱི་ལོ་653ལོ་ནས་734ལོའི་བར་ཏེ་ལོ་ངོ་བརྒྱད་ཅུ་གྱ་གཅིག་ཙམ་གྱི་རིང་བསྡོམས་པས་མདོ་སྨད་དུ་འདུན་མ་ཐེངས་ཉེར་ལྔ་བསྡུས་ཤིང་།   སྐབས་དེར་ཆ་སྙོམས་ལོ་གསུམ་ནས་བཞིའི་བར་མདོ་སྨད་དུ་འདུན་མ་ཐེངས་རེ་བསྡུས་པ་ཚོད་དཔག་བྱེད་ཐུབ་ལ།   འདུན་མ་དེ་དག་ནི་རྒྱམ་ཤི་གར་དང་ནམ་ལྡོམ་ཕྲོམ།   རག་ཏིག་རྨ་རོང་།  གཙེ་ནམ་ཡོར།   རྒྱོད།   ཡོལ།   འབྲོ་ལྖྀའུ་ལུང་།   འོལ་དང་སེབ་སོགས་མདོ་སྨད་ཀྱི་ཡུལ་བྱེ་བྲག་དེ་དག་ནས་བསྡུས་པ་གསལ།   སྤྱི་ལོ་755ལོ་ནས་763ལོའི་བར་གྱི་ལོ་ངོ་བརྒྱད་ཀྱི་རིང་མདོ་སྨད་དུ་ལོ་རེར་དབྱར་འདུན་དང་དགུན་འདུན་བཅས་འདུན་མ་ཐེངས་གཉིས་བསྡུས་པ་ལས།   སྤྱི་ལོ་755ལོ་སྟེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་མདོ་སྨད་ས་ཁུལ་གྱི་འདུན་མ་བསྡུ་བའི་ལམ་ལུགས་བཅོས་བསྒྱུར་བྱས་པ་མ་ཟད།   ལྷག་པར་དུ་བོད་ཀྱི་ཆབ་སྲིད་དང་དམག་དོན་ལམ་ལུགས་ལ་འགྱུར་བ་ཆེན་པོ་བྱུང་བ་ཚོད་དཔག་བྱེད་ཐུབ་པ་དང་།   མདོ་སྨད་ཅེས་པའི་མིང་ཏུན་ཧོང་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ་བསྡོམས་པས་བཅུ་ཕྲག་བཞི་ལྷག་བྱུང་ཡོད།   འོན་ཀྱང་ཕྱིས་སུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་མདོ་སྨད་ཅེས་པའི་མིང་གི་འཕེལ་རིམ་དང་ཁྱབ་ཁོངས་སོགས་འབྲེལ་ཡོད་ཡིག་ཆ་ཅུང་ཉུང་ལ།   ད་དུང་དུས་དང་ལོ་རྒྱུས་ཀྱི་འགྱུར་བག་རྒོད་པས་ས་མིང་དང་ཆུ་མིང་མང་པོ་བསྒྱུར་དང་འགྱུར་བཞིན་པས།   དུས་དང་ཡུལ།   བསམ་བློ་སོགས་ཀྱི་བར་ཐག་གིས་ལོ་ངོ་གཅིག་སྟོང་ཡས་མས་སྔོན་གྱི་ས་མིང་དག་དེང་སང་ངོས་འཛིན་བྱེད་དཀའ་བའི་གནས་སུ་གྱུར།  ཡིན་ན་ཡང་།   རྒྱལ་ཁབ་ཕྱི་ནང་གི་བོད་རིག་ཞིབ་འཇུག་མཁན་ཚོས་རང་བློས་དཔག་ཚོད་ཀྱིས་ཞིབ་འཇུག་དང་དཔྱད་ཞིབ་སྒོས་ས་མིང་རེ་འགའ་ངོས་འཛིན་བྱས་དང་བྱེད་བཞིན་པ་སྟེ།   ནམ་ལྡོམ་ཕྲོམ་ནི་ཕལ་ཆེར་དེང་གི་སི་ཁྲོན་སྡེ་དགེ་དང་རྫ་ཆུའི་རྒྱུད་ཀྱི་ཡུལ་ཁམས་དང་།  རག་ཏིག་ཅེས་པ་ནི་དེང་གི་ཁྲི་ཀ་ནས་བ་ཡན་རྨ་ཆུའི་འབབ་རྒྱུད་ལ་ངོས་འཛིན་གནང་ཞིང་།   གཙེ་ནམ་ཡོར་ཞེས་པ་དེང་གི་ལེང་གྲུའི་ཚུར་རྒྱབ་དང་ཤིང་ཀུན་བར་གྱི་ས་ཆ་སྟེ།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཉེ་འགྲམ་གྱི་ས་ཁུལ་ལ་ངོས་འཛིན་བྱེད་ཚུལ་འདུག་རུང་།   ད་དུང་ལོ་རྒྱུས་སྨྲ་བ་ཚང་མའི་བཞེད་དགོངས་གཅིག་མཐུན་ཏུ་སྣང་བ་ཤིན་ཏུ་ཉུང་།   དེ་བས་མདོ་སྨད་ཅེས་པའི་མིང་གི་ཁྱབ་ཁོངས་གང་འདྲ་ཞིག་ལ་ངོས་འཛིན་པ་ད་བར་དུ་གཏན་འཁེལ་གྱི་དྲིས་ལན་མེད་པར་ལོ་རྒྱུས་སྨྲ་བ་སོ་སོའི་བཞེད་དགོངས་མི་མཐུན་པར་སྣང་མོད།  བོད་བཙན་པོའི་སྐབས་ཀྱི་ས་མིང་ཞིབ་འཇུག་ཏུ་བོད་བཙན་པོའི་དུས་ཀྱི་འདུན་མ་བསྡུ་ཡུལ་མདོ་སྨད་ཅེས་པའི་མིང་ནི་ཕལ་ཆེར་དེང་གི་མཚོ་སྔོན་དང་ཀན་སུའུ།   སི་ཁྲོན་བཅས་ཀྱི་ཡུལ་ཁམས་ཏེ།   གཙོ་བོ་མཚོ་སྔོན་མཐོ་སྒང་གི་ཤར་ལྷོའི་ཁུལ་དང་ཀན་སུའི་ལྷོ་ཁུལ།   སི་ཁྲོན་གྱི་ནུབ་བྱང་ས་ཁུལ་ལ་ངོས་འཛིན་པ་དེས་བོད་བཙན་པོའི་སྐབས་ཀྱི་མདོ་སྨད་ཅེས་པའི་ས་མིང་གི་ཡུལ་ཁམས་ཤིན་ཏུ་རྒྱ་ཆེ་བ་ཚོད་དཔག་བྱེད་ཐུབ།  

 

གཉིས།   མདོ་སྨད་ཅེས་པའི་

མིང་གི་འཕེལ་འགྱུར།  

 

བོད་སིལ་བུར་འཐོར་བའི་རྗེས་ནས་དུས་ཀྱི་འགྱུར་བ་རྩུབ་མོའམ་ལོ་རྒྱུས་སྨྲ་བ་རང་རང་གི་ལག་ཟོན་གྱི་དཔྱད་གཞི་རྒྱུ་ཆ་སོགས་གང་ཡིན་བཤད་དཀའ་མོད།   གང་ལྟར་མདོ་སྨད་ཅེས་པའི་མིང་གི་ཁྱབ་ཁོངས་དུས་རབས་སྔོན་མ་དང་མི་མཐུན་པར་འགྱུར་བ་ཆེན་པོ་བྱུང་བ་ལྡེའུ་ཆོས་འབྱུང་དུ་བླ་ཆེན་ཁམས་པ་ཡིན་པས།   ད་ལྟ་ཁམས་པ་ལ་ཨ་མིར་འབོད་པ་དེ་ལྟར་རོ་ཞེས་བླ་ཆེན་མདོ་སྨད་པ་ཡིན་རུང་ཁམས་པ་ཡིན་པས་ཞེས་བྱུང་བ་ལས་སྐབས་དེར་མདོ་སྨད་ལ་ཁམས་ཞེས་པའི་འབོད་ཚུལ་ཆགས་པ་གསལ་བ་སྟེ།   རྒྱལ་རབས་གསལ་བའི་མེ་ལོང་དུ་དམར་གཡོ་གཙང་གསུམ་ཁམས་སུ་བྲོས་སོ།  ། ཞེས་གླང་དར་གྱིས་ཆོས་སྣུབས་དུས་མཁས་པ་མི་གསུམ་མདོ་སྨད་ཀྱི་ཕྱོགས་སུ་བྲོས་པར་ཁམས་སུ་ཞེས་བྱུང་བ་དང་།   ཕྱིས་སུ་ཁམས་ནས་ཕྱོགས་འདིར་རབ་ཏུ་བྱུང་བ་བྱོན་པ་མཐོང་མ་ཐག་དགའ་ཆེས་ཏེ།   ……ཁམས་ནས་བོད་ཡུལ་དབུས་སུ་དགེ་འདུན་བྱོན་པའི་དུས་ཞེས་མདོ་སྨད་དུ་རབ་ཏུ་བྱུང་ནས་དབུས་སུ་བྱོན་པར་ཡང་ཁམས་ནས་ཞེས་བྱུང་ལ།  ཁམས་སུ་སྡོམ་པ་ལེན་དུ་རྫངས་པ་བླ་ཆེན་པོས་མཁན་པོ།  གཙང་དང་གཡོ་གཉིས་ཀྱིས་ལས་སློབ་དང་གསང་སྟོན་ཞེས་དང་།   མཁས་བཙུན་དེ་རྣམས་དང་མཇལ་ནས་རབ་ཏུ་བྱུང་བས།   མིང་ཡང་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས་སོ།  །   དེ་ལྟར་ཁམས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞེས་མདོ་སྨད་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་གྲོགས་བྱས་ཏེ་བླ་ཆེན་མཁས་པ་མི་གསུམ་དང་མཇལ་ནས་རབ་ཏུ་བྱུང་བ་སོགས་བསྟན་པའི་མེ་རོ་མདོ་སྨད་ནས་གསོས་པ་སོགས་ལ་ཁམས་ནས་ཞེས་བྱུང་བ་ལས་བར་སྐབས་ཞིག་ལ་མདོ་སྨད་ལ་ཁམས་ཞེས་འབོད་ཚུལ་ཆགས་པ་ཚོད་དཔག་བྱེད་ཐུབ་ལ།   འབོད་ཚུལ་དེ་ཆེས་ཐོག་མར་མཁས་པ་ལྡེའུ་མཛད་པའི་ལྡེའུ་ཆོས་འབྱུང་རྒྱས་པར་བྱུང་བས་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་དཔེ་དེབ་དེ་དཔྱད་གཞིར་བཟུང་བ་གང་ཡིན་མི་གསལ་རུང་།   རྩོམ་པ་པོ་མཁས་པ་ལྡེའུ་དུས་རབས་བཅུ་གཉིས་ཡར་སྔོན་དུ་ལྡེའུ་ཆོས་འབྱུང་རྩོམ་འབྲི་གནང་དུས་མདོ་སྨད་ལ་ཁམས་ཞེས་བོད་ཀྱི་ལོ་རྒྱུས་ཡིག་ཆར་དངོས་སུ་བྱུང་བ་གསལ་བས།   ཕྱིས་ཀྱི་དུས་རབས་བཅུ་བཞི་དང་བཅོ་ལྔ།   བཅུ་དྲུག་བཅས་ཀྱི་ནང་བརྩམས་ནས་གྲུབ་པའི་ཆོས་འབྱུང་ལོ་རྒྱུས་རྒྱལ་རབས་གསལ་བའི་མེ་ལོང་དང་།   དེབ་སྔོན་ དེབ་དམར་གསར་བ་སོགས་སུ་ཡང་མདོ་སྨད་ལ་ཁམས་ཞེས་བྱུང་ཡོད་པའི་གནད་ཀྱང་དེ་དཔྱད་གཞིར་བཟུང་བར་སྙམ།  

རྒྱལ་རབས་གསལ་བའི་མེ་ལོང་དུ་རང་རེ་བོད་ཀྱི་ཡུལ་ཁམས་ཆགས་ཚུལ་ལ་སྟོད་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ།  །   བར་དབུས་གཙང་རི་བཞི་ཡུར་བ་འདྲ།  །  སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ།  །   ཞེས་བོད་ཡིག་གི་ལོ་རྒྱུས་ཡིག་ཆར་སྨད་མདོ་ཁམས་སྒང་དྲུག་ཞེས་པ་བྱུང་ཞིང་།   ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་རུ་སྨད་ཀྱི་མདོ་ཁམས་སྒང་ལ་རྨ་བྱ་ཟབ་མོ་སྒང་།   ཚ་བ་སྒང་།   སྤོམ་ར་སྒང་སྟེ་སྒང་གསུམ་མམ།   ཡང་ན་གོང་སྨོས་སྒང་གསུམ་གྱི་ཐོག་ཏུ་དམར་ཁམས་སྒང་།   མི་ཉག་སྒང་།   གཡེར་མོ་སྒང་བཅས་བསྣན་པས་སྒང་དྲུག་ཅེས་དང་།   བྱང་གི་ལ་དགུ་སྒང་དང་གཅིག ལྷོ་སྐྱེ་བ་ཤིང་གི་སྒང་དང་གཉིས།   ནུབ་མོན་པ་ལྕགས་ཀྱི་སྒང་དང་གསུམ་སྟེ་སྒང་གསུམ་མམ།   དངུལ་ཟླ་བྱིས་མོ་སྒང་།  (ཟླ་སྒང་།  ) འབྲི་ཟླ་ཟལ་མོ་སྒང་།  (འབྲི་སྒང་།  )རྨ་རྫ་བྱེ་མའི་སྒང་(རྨ་སྒང་)སྟེ་སྟོད་ཀྱི་སྒང་གསུམ་དང་།  ཤར་སྤོ་འབོར་སྒང་།   མེ་ཉག་རབ་སྒང་།   སྨར་ཁམས་ཁོ་ལ་སྒང་སྟེ་སྨད་ཀྱི་སྒང་གསུམ་བསྡོམས་པས་སྨད་མདོ་ཁམས་སྒང་དྲུག་ཅེས་སྒང་གསུམ་མམ་དྲུག་གི་བརྩི་ཚུལ་ལམ་ཡང་ན།   མདོ་ཁམས་སྒང་བཞི་བྱ་བ་ནི།   ལྷོའི་སྨད་སྒང་རིང་མོ་དང་།   འབྲི་སྒང་རིང་མོ་དེ་དང་གཉིས།   ཟླ་སྒང་རིང་མོ་དེ་དང་གསུམ།   རྨའི་བོ་སྒང་རིང་མོ་བཞི།   སྒང་བཞི་རྟ་རྒྱབ་གཤིབས་པ་འདྲ་ཞེས་སྨད་མདོ་ཁམས་ལ་སྒང་གསུམ་མམ་བཞི།   དྲུག་བཅས་ཀྱི་བརྩི་ཚུལ་མི་མཐུན་པ་འགའ་བྱུང་རུང་།   དེ་དག་གཙོ་བོ་ནི་ས་གཤིས་ཀྱི་ཁྱད་ཆོས་དང་རྣམ་པ་གཞིར་བཟུང་བའི་མིང་འདོགས་ཚུལ་ཞིག་ལས།   ཡུལ་ཁམས་ཀྱི་ཁྱབ་ཁོངས་གཅིག་ཏུ་ངོས་འཛིན་བྱེད་ཆོག་པར་སྙམ་པ་སྟེ།   བོད་རྒྱ་ཚིག་མཛོད་ཆེན་མོར་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྨད་ཕྱོགས་ཀྱི་མདོ་ཁམས་སྒང་དྲུག་ནི་ཟལ་མོ་སྒང་དང་ཚ་བ་སྒང་།   སྨར་ཁམས་སྒང་།   དམར་རྫ་སྒང་།   སྤོ་འབོར་སྒང་།   མི་ཉག་རབ་སྒང་བཅས་དྲུག་སྟེ།   དེ་རྣམས་རི་ཆུའི་རྒྱུག་ཕྱོགས་ལ་བསྟུན་ནས་ཞིབ་བུར་བཤད་ན།   འབྲི་ཆུ་(ཅིན་ཧྲ་ཆུ་བོ་)དང་ཉག་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་ཟལ་མོ་སྒང་དང་།  རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་ལ་ཚ་བ་སྒང་།   རྫ་ཆུ་དང་འབྲི་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་སྨར་ཁམས་སྒང་།  མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་ལྷོ་ནས་ཉག་ཆུའི་སྟོད་ཀྱི་ཤར་རྒྱུད་བར་ལ་དམར་རྫ་སྒང་།   འབྲི་ཆུ་དང་ཉག་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་སྤོ་འབོར་སྒང་།   ཉག་ཆུའི་ཆུ་སྐེད་ཀྱི་ཤར་རྒྱུད་མི་ཉག་རབ་སྒང་བཅས་དང་།   ཟལ་མོ་སྒང་ནི་སྤྱིའི་ཆ་ནས་འབྲི་ཆུ་(ཅིན་ཧྲ་ཆུ་བོ་)ཆུ་བོ་དང་ཉག་ཆུའི་སྟོད་ཕྱོགས་ཀྱི་ས་ཁུལ་དང་།   ཚ་བ་སྒང་ནི་ཕལ་ཆེར་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ་གཉིས་བར་ཁུལ་གྱི་ས་ཆ།   སྨར་ཁམས་སྒང་ནི་ཧ་ལམ་ཅིན་ཁྲིན་གཙང་བོ་དང་མིན་ཅང་གཙང་བོའི་སྟོད་ཕྱོགས།   འབྲུག་དཀར་གཙང་བོའི་སྨད་ཕྱོགས།   དམར་རྫ་སྒང་ནི་རྨ་ཆུའི་སྟོད་ཕྱོགས་དང་།   འཇུ་ལག་ཆུ་བོ།   ཙོང་ཆུ།   ཀླུ་ཆུ།   ཝེ་ཆུ་སོགས་ཀྱི་སྟོད་ཁུལ།  སྤོ་འབོར་སྒང་ནི་ཕལ་ཆེར་རྒྱལ་མོ་རྔུལ་ཆུ་དང་།   འབྲི་ཆུ།  ཉག་ཆུའི་བར་སྨད་ཕྱོགས་དང་ཨན་ནེ་ཆུ་བོའི་འབབ་རྒྱུད་ས་ཆ་བཅས་ལ་ངོས་འཛིན་པ་ལས་སྨད་ཀྱི་སྒང་ལ་བགྲང་ཚུལ་མི་འདྲ་བ་འགའ་ཡོད་རུང་།   ཡུལ་ཁམས་གཙོ་བོ་ནི་འབྲི་ཆུ་དང་ཉག་ཆུ།   རྒྱལ་མོ་རྔུལ་ཆུ།   རྫ་ཆུ་བཅས་གཙང་བོ་བཞིའི་སྟོད་སྨད་བར་གསུམ་ཏུ་ཆགས་པའི་ས་ཁུལ་ལ་ངོས་འཛིན་པ་ཚོད་དཔག་བྱེད་ཐུབ་ལ།   མངའ་རིས་ཀྱི་ཁྱབ་ཁོངས་ཀྱང་དེང་གི་མཚོ་སྔོན་དང་ཀན་སུའུ།   སི་ཁྲོན།   ཡུན་ནན།   ད་དུང་བོད་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་སོགས་ཀྱང་ཕལ་ཆེར་གཏོགས་པ་དེ་བོད་བཙན་པོའི་སྐབས་ཀྱི་མདོ་སྨད་ཅེས་པའི་མིང་གི་ཁྱབ་ཁོངས་དང་ཧ་ལམ་མཚུངས་བར་སྙམ་པས།   གོང་གི་དམར་གཡོ་གཙང་གསུམ་ཁམས་སུ་བྲོས་པ་ཞེས་པ་ལྟ་བུའི་མདོ་སྨད་ལ་ཁམས་ཞེས་པ་དེས་བྱེ་བྲག་ཏུ་གཙོ་བོ་མདོ་སྨད་རྨོ་ཐང་(平安)གི་ཉེ་འཁོར་ཡུལ་ཁམས་ལ་དེ་འདྲའི་འབོད་སྟངས་ཤིག་ཆགས་པ་ཨེ་ཡིན་སྙམ།  

བོད་ཡུལ་ཆོལ་ཁ་གསུམ་གྱི་དབྱེ་ཚུལ་ནི་ཡོན་རྒྱལ་རབས་ཀྱི་སྐབས་བྱུང་ཚུལ་ལོ་རྒྱུས་སྨྲ་བ་དག་གི་དགོངས་པ་གཅིག་མཐུན་ཏུ་སྣང་བ་དང་།   མདོ་སྨད་ཆོས་འབྱུང་དུ་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་།   དེ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མིའི་ཆོལ་ཁ།   དེ་ནས་རྒྱའི་མཆོད་རྟེན་དཀར་བོ་ཡན་མདོ་སྨད་རྟའི་ཆོལ་ཁར་བྱེད་པའི་རྨ་ཆུའི་ཁུག་པ་མན་དང་རྒྱའི་མཆོད་རྟེན་དཀར་བོ་ཡན་གྱི་ཡུལ་ཁམས་ལ་ལོ་རྒྱུས་སྨྲ་བ་དག་གི་ངོས་འཛིན་གནང་ཚུལ་མི་འདྲ་སྟེ།   རྨ་ཆུའི་ཁུག་པ་ཞེས་པ་ལ་ལས་རྨ་ཁུག་དང་པོ་སྟེ་དེང་སང་གི་རྨ་ཆུ་དང་མཛོད་དགེ་ཐང་འཁོར་ས་མཚམས་ཀྱི་ཁུག་མགོ་དེར་ངོས་འཛིན་པའི་བཤད་རྒྱུན་ཡོད་རུང་།   རིང་ཚད་ལ་སྤྱི་ལེ་དྲུག་སྟོང་བཞི་བརྒྱ་ལྷག་གི་རྨ་ཆུར་ཁུག་པ་བགྲང་ལས་འདས་པ་ཡོད་སྲིད་པས།   དེ་ལས་གང་ཞིག་ལ་ངོས་འཛིན་འོས་པ་ཧ་ཅང་བཤད་དཀའ་བའི་གནས་སུ་འཁུམས་པ་དང།   རྒྱའི་མཆོད་རྟེན་དཀར་པོ་ནི་གོང་གུ་རྨེ་རིར་ངོས་འཛིན་མཁན་རེ་འགའ་དང་།   སྐུ་ཞབས་བོའི་ཅིན་(吴均)སོགས་ཀྱིས་ཤིང་ཀུན་རྫོང་གི་ལུའུ་ཅ་ཆུ་འགག་ས་ཚིགས་ཀྱི་གནས་དེར་ངོས་འཛིན་གནང་ཡོད།   ཕྲན་གྱི་དཔྱད་

རྩོམ་འདིར་རྗེས་མའི་ངོས་འཛིན་་ཚུལ་སོར་འཇོག་བྱས་ཡོད།  ཨ་བློ་སྤུན་མཆེད་ཀྱི་རྣམ་ཐར་ཏུ་མདོ་སྨད་ཅེས་རླུང་ལྟར་གྲགས་པའི་ཡུལ་གྲུ་འདི་ནི་ཀན་སུའུ་དང་།   སི་ཁྲོན།  མཚོ་སྔོན།   ཁམས་སོགས་ཞིང་ཆེན་བཞིའི་འདྲེས་མཚམས་ཀྱི་རྒྱུད་དུ་ཆགས་པའི་བོད་རིགས་ས་ཁུལ་ལ་བྱ་ཞིང་།   དེ་ལ་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བསང་ཆུ་རྫོང་དང་།   བཱ་ཙེ་རྫོང་།   ཅོ་ནེ་རྫོང་དང་།   མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་རེབ་སྐོང་དང་།   ར་རྒྱ།   ཁྲི་ཀ མགོ་ལོག སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཟུང་ཆུ་དང་།   ལིས་ཧྥན།   ཁམས་ཀྱི་ཞིང་ཆེན་གྱི་ཁོངས་སུ་སེ་ཤུལ་རྫོང་སོགས་འདུའོ།  །  (ཡུལ་གྲུ་འདི་དག་ལས་རྫོང་མིང་འགའ་རེ་ནི་སྔ་ན་མ་ཡོད་པར་ཕྱིས་བྱུང་།  ) ཞེས་སྐབས་དེར་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་དབུས་ཕུད་པའི་མདོ་ཁམས་གཉིས་ཀྱི་ཁོངས་སུ་ཀན་སུའུ་དང་མཚོ་སྔོན།   སི་ཁྲོན་བཅས་ཞིང་ཆེན་གསུམ་ལས་གཞན་ཁམས་ཀྱི་ཞིང་ཆེན་ཞེས་པ་ཞིག་ཡོད་པ་ཤེས་ཐུབ་ལ།   ད་དུང་དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེ་ཤུལ་རྫོང་ནི་ཞིང་ཆེན་དེར་གཏོགས་པའང་ཤིན་ཏུ་གསལ།   དེ་བཞིན་ཏུ་ཀན་སུའུ་དང་མཚོ་སྔོན་གྱི་རྨ་ལྷོ་དང་མཚོ་ལྷོ།   མགོ་ལོག་དང་ར་རྒྱ་སོགས་དང་།   སི་ཁྲོན་ཤར་ཕྱོགས་ཀྱི་ཟུང་ཆུ་དང་ཤར་བྱང་ཕྱོགས་ཀྱི་སེ་ཤུལ་རྫོང་སོགས་མདོ་སྨད་ཀྱི་ཡུལ་ཁམས་སུ་གཏོགས་པ་ཚོད་དཔག་བྱེད་ཐུབ་མ་ཟད།   མངའ་ཁོངས་དེ་ནི་གོང་གི་སྨད་མདོ་ཁམས་སྒང་དྲུག་ཅེས་པའི་ཡུལ་ཁམས་ཁྱབ་ཁོངས་ལ་ཁྱད་པར་ཆེན་པོ་མེད་པར་སྙམ།   དེ་བས་མདོ་སྨད་ཅེས་པའི་ས་མིང་ཁྱབ་ཁོངས་ཀྱི་སྟེང་ནས་ཞིབ་བསྡུར་སྒོས་ཅུང་དཔྱད་ན་རྨ་ཆུའི་ཁུག་པ་ཞེས་པ་དེ་མདོ་སྨད་ཆོས་འབྱུང་དུ་རྨ་ཆུ་མཚོ་སྐྱ་རེངས་ཀྱི་གཞུང་བརྒྱུད་ལྷོ་ཕྱོགས་སུ་འཁྱོག་པའི་ཁུག་སོ་མན་ཆད་ཨ་མདོ་ལ་ངོས་འཛིན་པའི་རྨ་ཁུག་དེར་ངེས་བཟུང་ན་ཧ་ཅང་འཚམ་པར་འདོད་ལ།  རྒྱུ་མཚན་གཤམ་གྱི་ཨ་ཆེན་གངས་རྒྱབ་ཀྱི་སྐབས་སུ་བཤད་པར་བྱ།  

བོད་རྒྱ་ཚིག་མཛོད་ཆེན་མོར་མདོ་སྨད་ནི་གཡེར་མོ་ཐང་གི་མིང་གཞན་ཏེ་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་དང་རྨ་ཆུ་ནས་ལྷོ་ཕྱོགས་སུ་ཕྱིན་པའི་ས་རྒྱུད་སྤྱིའི་མིང་ཞེས་པ་ལས་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཡུལ་ཁམས་ལ་དབྱར་མོ་ཐང་ཞེས་འབོད་པ་གསལ།   ཡིན་ན་ཡང་།   དབྱར་(གཡར་རམ་ཡང་ན།   གཡེར།   དབྱང་ལྟ་བུའི་འབྲི་ཚུལ་མི་མཐུན།  ) མོ་ཐང་ཞེས་པར་དེང་གི་ལོ་རྒྱུས་སྨྲ་བ་སོ་སོས་ངོས་འཛིན་་ཚུལ་མི་མཐུན་པ་སྟེ།   གཅིག་ནས་སྐུ་ཞབས་བོ་རེས་(乌瑞)གཙོ་བྱས་པའི་ནུབ་ཕྱོགས་ལོ་རྒྱུས་སྨྲ་བ་རེ་འགས་བཀའ་ཐང་སྡེ་ལྔ་དང་ཞོལ་རྡོ་རིང་དུ་བྱུང་བ་གཙོར་བཟུང་ནས་དབྱར་མོ་ཐང་ནི་མཚོ་སྔོན་པོའི་ཤར་ནུབ་རྒྱུད་ལ་ངོས་འཛིན་གནང་བ་དང་།   གཉིས་ནས་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་མཚོ་སྔོན་པོ་ལྟེ་བར་གྱུར་བའི་གཡར་མོ་ཐང་ནི་ཉི་ཟླ་རི་བོའི་ནུབ་ཕྱོགས་སུ་གནས་པས།  ལྟོས་འཇོག་སྒོས་བཤད་ན།   ཤར་ཉི་ཟླ་རི་བོ་ནི་གཡར་མོ་ཐང་གི་ཤར་ཕྱོགས་སུ་གནས་པ་དང་།   ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན་དང་ནུབ་ཕྱོགས་སུ་ཚ་འདམ་གཞུང་ལ་ཐུག་གི་བར།   བྱང་ངོས་སུ་མདོ་ལ་རིང་མོ་བཅས་ཀྱིས་མཚོན་པའི་ཡུལ་ནི་དུས་རབས་བརྒྱད་པ་ནས་བཟུང་སྟེ་གཡར་མོ་ཐང་ཞེས་དམིགས་སུ་བཀར་བའི་ཡུལ་ཁམས་དེའི་རྒྱ་ཁྱོན་ཡིན་སྙམ་པ་དང་།   གསུམ་ནས་ཞིན་ཅི་ཧྲིན་(谢继胜)དང་ཧོང་ཨུད་ཀྲུང་(黄维忠)སོགས་ཀྱིས་དབྱར་མོ་ཐང་ནི་བསང་ཆུའི་འགྲམ་རྒྱུད་ཀྱི་ཡུལ་ཁམས་ལ་འབྲེལ་ཆགས་ཐུབ་པ་སྟེ།  དབྱར་མོ་ནི་ཏ་ཞ་(大夏)དང་།   ཐང་ནི་ཁྲོན་()ལ་འབྲེལ་ཆགས་པས།   དབྱར་མོ་ཐང་ཁྲོམ་ཆེན་པོ་དེ་ཧིན་ཀྲུའུ་(河州)ཁྲོམ་ཆེན་པོ་དང་གཅིག་པར་ངེས་བཟུང་བ་སོགས་མང་མོད།   ཕྲན་གྱི་དཔྱད་རྩོམ་འདིར་བསང་ཆུའི་འགྲམ་རྒྱུད་ཀྱི་ཡུལ་ཁམས་ལ་ངོས་འཛིན་ཚུལ་སོར་འཇོག་བྱས་ཡོད།   རྒྱུ་མཚན་ནི་བསང་ཆུའི་གཡས་གཡོན་རྒྱུད་དུ་རྒན་གྱའི་གསེར་ཆེན་ཐང་།   འབོ་ར་སྔོན་པོ་ཐང་།   ཨ་མཆོག་བདེ་མོ་ཐང་།   ཙ་ཡུས་རྒྱ་དཀར་ཐང་།   ཀ་ཅུའི་དབྱར་མོ་ཐང་ལྟ་བུའི་དམངས་ཁྲོད་ཀྱི་འབོད་ཚུལ་ཡོད་པ་མ་ཟད།  ལྷག་པར་མདོ་སྨད་ཆོས་འབྱུང་དུ་དབྱར་མོ་ཐང་གི་སའི་ཆ་ཤིང་ཀུན་ཞེས་བྱུང་བ་ལས་དབྱར་མོ་ཐང་ནི་བསང་ཆུའི་ཉེ་འགྲམ་གྱི་ཡུལ་ཁམས་སུ་གཏོགས་པ་ཚོད་དཔག་བྱེད་ཐུབ་པ་དང་།   ད་དུང་དེང་གི་ཧོར་གཙང་དང་རྡོ་སྦིས་ཀྱི་དམངས་ཁྲོད་དུ་ཀ་ཅུའི་དབྱར་མོ་ཐང་གི་ལོ་འབྲེག་རན་སོང་ཞེས་སྟོན་འགོ་ཚུགས་པའི་དཔྱད་ཚུལ་ཡོད་པ་སོགས་ལས།   སྐུ་ཞབས་ཞིན་ཅི་ཧྲིན་(谢继胜)དང་ཧོང་ཨུད་ཀྲུང་(黄维忠)སོགས་ཀྱིས་དབྱར་མོ་ཐང་ནི་བསང་ཆུའི་རྒྱུད་ཀྱི་ཡུལ་ཁམས་ལ་ངོས་འཛིན་་བྱས་པ་དོན་ལ་གནས་པར་བསམ།             

བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་སུ་སྨད་དུ་ཁམས་ལ་མང་ན་ཡང་།   ས་ཁམས་ཆེན་པོ་གསུམ་གྱིས་བསྟོད།  དབྱང་མོ་ཐང་ནི་བར་གྱི་ཁམས་ཞེས་པ་ལས་བོད་ཡུལ་སྟོད་སྨད་བར་ཁམས་གསུམ་རེ་རེར་ཡང་སྟོད་སྨད་བར་གསུམ་བཅས་བསྡོམས་པས་ཁམས་དགུས་གྲུབ་པའི་སྨད་ཁམས་གསུམ་གྱི་བར་ཁམས་ནི་དབྱར་(དབྱང་)མོ་ཐང་གི་ཡུལ་ཁམས་ལ་ངོས་འཛིན་ཆོག་པ་ཚོད་དཔག་བྱེད་ཐུབ་པ་དང་།   སྐབས་ཤིག་ལ་དབྱར་མོ་ཐང་དང་མདོ་སྨད་གཉིས་ཡུལ་ཁམས་གཅིག་ཏུ་ངོས་འཛིན་པའང་མདོ་སྨད་ཆོས་འབྱུང་དུ་མདོ་སྨད་ལ་དབྱར་མོ་ཐང་བཏགས་པ་ཁམས་གཅིག་ཅེས་བྱུང་བ་ལས་ཤེས་ཐུབ་པ་མ་ཟད།   སྐབས་དེར་མདོ་སྨད་ཀྱི་ཡུལ་ཁམས་ནི་སྨད་ཁམས་གསུམ་གྱི་བར་ཁམས་སམ་དབྱར་མོ་ཐང་ཁོ་ནར་འཇུག་པའང་ཚོད་དཔག་བྱེད་ཐུབ།   མདོ་སྨད་ཆོས་འབྱུང་དུ་ཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་ཅེས་དང་།   བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་ཏུ་སྨད་དུ་ཁམས་ལ་མང་ན་ཡང་།  །  ས་ཁམས་ཆེན་པོ་གསུམ་གྱིས་བསྟོད།  །   དབྱང་མོ་ཐང་ནི་བར་གྱི་ཁམས།  །   ཡོག་ཆེན་བཅོ་བརྒྱད་སྨད་ཀྱི་ཁམས།  །  ཤོད་ཆེན་བཅོ་བརྒྱད་སྟོད་ཀྱི་ཁམས།  །  ཞེས་པ་ལས་བོད་ཡུལ་ཁམས་དགུར་ཕྱེ་བའི་སྨད་ཁམས་གསུམ་གྱི་སྨད་ཁམས་དང་གྱི་ཐང་ཡུལ་ཁམས་གཉིས་ནི་མངའ་རིས་གཅིག་ལ་ངོས་འཛིན་ཆོག་པ་རིགས་འདེད་ཐུབ་པ་མ་ཟད།   ཡོག་ཆེན་བཅོ་བརྒྱད་ནི་ཡུལ་ཁམས་དེའི་མངའ་རིས་སུ་གཏོགས་པ་ཤེས།   དེ་བས་ཆབ་སྲིད་དང་མངའ་ཁོངས་དབང་སྒྱུར་གྱི་འགྱུར་བ་དང་བསྟུན་ནས་ཏུན་ཧོང་དུ་བྱུང་བའི་ས་རྒྱ་ཆེ་ཞིང་ཁོད་ཡངས་པའི་མདོ་སྨད་ཅེས་པའང་དབྱར་མོ་ཐང་ཁྲོམ་ཆེན་པོ།   ཙོང་ཁ་བདེ་ཁམས་ལྟ་བུ་སོགས་དམག་དོན་སྒྲིག་འཛུགས་ཀྱི་ལྟེ་གནས་རབ་དང་རིམ་པ་བྱུང་བ་དང་བསྟུན་ཡུལ་ཁམས་བྱེ་བྲག་པའི་མིང་དུ་འགྱུར་འགོ་བརྩམ་པར་སྙམ།  

 

གསུམ་པ།  མདོ་སྨད་དང་ཨ་མདོ་གཉིས་

ཀྱི་འབྲེལ་བ་དང་ཁྱད་པར།  

 

དེང་སང་མདོ་སྨད་སྤྱི་ལ་ཨ་མདོ་ཞེས་འབོད་པའི་མིང་འདི་འགྲེལ་ལུགས་མི་འདྲ་བ་མང་པོ་བྱུང་པས།   ས་མིང་ཞིབ་འཇུག་མཁན་ཞིག་ལ་མཚོན་ན་ཨ་མདོ་ཞེས་པའི་མིང་དུས་ནམ་ཞིག་ལ་བྱུང་བ་དཔྱད་དགོས་པའི་གནད་ཅིག་ཏུ་སྙམ།   འོན་ཀྱང་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ   ཁྲམ་ཤིང་སོགས་ཉེ་ལམ་ལག་སོན་བྱུང་བའི་ཚད་ལྡན་ལོ་རྒྱུས་ཡིག་ཆར་ཨ་མདོ་ཞེས་པའི་མིང་གཅིག་ཀྱང་བྱུང་མེད་པས།   དེ་ལ་གནད་དུ་འཁེལ་བའི་དཔྱད་ཞིབ་བྱེད་རྒྱུ་ནི་སླ་མོ་ཞིག་མིན་པ་རྟོགས།   ཐོག་མར་ཨ་མདོ་ཞེས་པར་འགྲེལ་ཚུལ་མི་འདྲ་བ་འགའ་ཡོད་པ་སྟེ།   བོད་རྒྱ་ཚིག་མཛོད་ཆེན་མོར་མདོ་ཞེས་པའི་མིང་འདིའི་སྔོན་འཇུག་མ་ཡིག་གསལ་པོར་ཀློག་དུས་ཨ་སྒྲ་ཞིག་རང་བཞིན་གྱིས་བྱུང་བས་ཨ་མདོ་ཟེར་ཞེས་པ་ཨ་ཡིག་ལྟོས་པ་མེད་པར་རང་བཞིན་གྱིས་བྱུང་བ་སོགས་ཐ་སྙད་དེའི་བྱུང་ཚུལ་ཙམ་ལས་ས་མིང་ཁྱབ་ཁོངས་སྟོན་པའི་འགྲེལ་བར་མི་གཏོགས།   ཨ་མདོ་ནི་བོད་ལྗོངས་ཤར་བྱང་གི་རྨ་ཆུའི་སྟོད་རྒྱུད་ལ་ཟེར།   རྨ་ཆུས་ཉིན་སྲིབ་ལས་ཨ་མདོ་ལྷོ་ཁུལ་དང་བྱང་ཁུལ་གཉིས་སུ་ཕྱེ་ཡོད།  ཨ་མདོ་བྱང་ཁུལ་ལ་རྒྱུན་ཏུ་སོག་སྐད་དུ་ཁུའུ་ཁུའུ་ནོ་ཨ་(ནོ་ཨ་ནི་མཚོ་དང་།   ཁུའུ་ཁུའུ་ནི་སྔོན་པོའི་མིང་།  )སྟེ་བོད་སྐད་ཀྱི་མཚོ་སྔོན་པོ་ཟེར།   མཚོ་སྔོན་གྱི་ཡུལ་ཁམས་ནི་མཐའ་ཡས་པའི་མཚོ་སྔོན་པོ་ཉེ་འགྲམ་གྱི་མངའ་རིས་ཡིན་ཞིང་།  གནའ་དུས་མིང་ལ་འ་ཞ་(ནུབ་བྱང་ས་ཁུལ་གྱི་མི་རིགས་གཞན་པས་མཚོ་སྔོན་ཐུ་ལུ་ཧན་གྱི་འབོད་ཚུལ་ཡིན།  )ཟེར་བ་དང་།   དུས་རབས་བཅུ་དྲུག་ནས་བཅོ་བརྒྱད་པའི་བར་ལ་སོག་པོ་ཞེས་པའི་འབོད་ཚུལ་ཆགས་པའི་ཚིག་ཟུར་ལས་ཨ་མདོ་ཞེས་པའི་ཨ་ཡིག་འདི་འ་ཞ་ཞེས་པའི་འ་ཡིག་ལ་འབྲེལ་བ་ཡོད་ཚུལ་གསལ་མོད།   དེབ་དཀར་དུ་ཞང་བློན་སྣ་བོ་ཆེ།   བཙན་ཁ་བོ་ཆེ།   ཨ་ཞ་མགོ་བོ་ཆེ་ཞེས་ཨ་དང་འ་གཉིས་ཕན་ཚུན་གོ་བརྗེ་བའི་སྣང་ཚུལ་བྱུང་བ་སོགས་ལས་འ་ཞ་འམ་ཨ་ཞ་དང་མདོ་སྨད་གཉིས་རིམ་འགྱུར་གྱིས་ཨ་མདོ་ཞེས་པའི་བསྡུས་མིང་བྱུང་བའི་བཤད་ཚུལ་ཞིག་ཡིན་པ་དང་དེ་ནི་ས་གནས་དབང་སྒྱུར་མཁན་དང་ས་མིང་གཉིས་ཀྱི་རིམ་འགྱུར་གྱིས་ས་མིང་གཞན་ཞིག་གྲུབ་པའི་འགྲེལ་ལུགས་ཤིག་ཡིན་པར་སྙམ།   རྒྱ་བོད་ཡིག་ཚང་ཆེན་མོ་རུ་འཛམ་གླིང་སྤྱི་དང་བོད་ཀྱི་ལོ་རྒྱུས་རུས་རྒྱུད་སྐོར་ཞེས་པའི་ཚན་པ་རུ་ཆེ་དྲུག་མཚན་ན་བཙུན་དྲུག་དེ།  །   བི་རི་འ་མདོ་དང་གླིང་པ་གཉིས།  །   རོ་མཛེ་(འཛེ་)ལ་ཕུ་པ་དང་མདའ་པ་གཉིས།  ། ཞེས་འ་མདོ་ནི་ལྡོང་ལ་ཆེ་དྲུག་མཚན་ན་བཙུན་དྲུག་གི་ནང་གསེས་ཤིག་ཡིན་པ་ཤེས་ཐུབ།   དེ་ནི་འ་འདོ་ཞེས་པ་བོད་ཡིག་གི་ལོ་རྒྱུས་ཡིག་ཆར་ཐོག་མར་བྱུང་བ་དང་།  དེ་དེང་གི་ཨ་མདོ་ཞེས་པའི་མིང་བསྐྱེད་པའི་རྒྱུ་ཡིན་མིན་ནི་གནད་ཀྱི་གཙོ་བོ་ཡིན་པར་འཁུམས།   དེ་བས་ཕྲན་གྱིས་མཚོ་སྔོན་དང་ཀན་སུའུ།   སི་ཁྲོན་ཞིང་ཆེན་སོགས་ཀྱི་བོད་ཁུལ་དུ་རྩད་གཅོད་བྱས་པ་ལས།   མཚོ་སྔོན་གྱི་ཁྲི་ཀའི་ཨ་ཚོགས་སྡེ་བ་དང་ཆབ་ཆའི་ཨ་རོལ་ཚོ་བ།   རེབ་གོང་གི་ཨ་བར་ཐེ་བར།   མགོ་ལོག་གི་ཨ་རིག་ཚོ་བ་དང་ཨ་སྐྱོང་ཁག་གསུམ་སོགས་དང་།   ཀན་ལྷོའི་བསང་ཆུ་དང་སི་ཁྲོན་ཁྱུང་མཆུའི་ཨ་མཆོག་ཚོ་བ།   ཀན་ལྷོའི་ཀླུ་ཆུའི་ཨ་གསལ་ཚོ་བ་དང་ཨ་ལ་ཤོག་པ་ལྔ།   ཅོ་ནེ་ཨ་འཁོར་ཚོ་བ།   དཔའ་རིས་ཀྱི་ཨ་དགེ་ཚོ་བ་དང་ཨ་ལོད་ཚོ་བ།   སུའུ་ནན་གྱི་ཨ་འབྲུགགཙོས་མཛོད་དགེའི་ཨ་ཡོན་ཚོ་བ་སོགས་ལྟ་བུའི་ཨ་ཡིག་གི་མགོ་དྲངས་པའི་སྡེ་མིང་དང་ཚོ་མིང་དེང་སང་ཡང་ཤིན་ཏུ་མང་བ་དེ་གོང་གི་ལྡོང་ལ་བཙུན་དྲུག་གི་ནང་གསེས་འ་མདོ་ཞེས་པར་འབྲེལ་བ་ཆེ་སྙམ་པ་དང་།   དེ་བཞིན་ཨ་མདོ་ཞེས་པའི་མིང་གི་འབྱུང་ཁུངས་ཀྱང་དེ་ཨེ་ཡིན་སྙམ་སྟེ།  མདོ་ཁམས་དགེ་འབྲོང་ལོ་རྒྱུས་སུ་སྨད་ན་ཆབ་མདོ་དང་ཆུ་མདོ།   ཨ་མདོ་སྟེ་མདོ་གསུམ་མམ།   ཡང་ན་མདོ་སྟོད་སྨད་ཀྱི་ཚོང་འདུས་སྒ་སྐྱེ་རྒུ་མདོ་དང་།   རྒྱ་བོད་ཀྱི་ས་མདུད་དར་རྩེ་མདོ།   ཟླ་ངོམ་ཆུ་གཉིས་མདུད་ནོན་ཆབ་མདོ་སྟེ་མདོ་ཆེན་གསུམ་ཞེས་གནའ་བོའི་ཚོང་འདྲེན་གྱི་འདུ་གནས་སམ་ལྟེ་གནས་ཀྱི་ཡུལ་ཁམས་ལ་སྐྱེ་རྒུ་མདོ་དང་།  ལུང་བ་གསུམ་གྱི་འདྲེས་མདོ་རུ་ཆགས་ཤིང་།   ལུང་བ་དེ་གསུམ་ལ་གཡག་རྭ་རྟགས་སྒོ་དང་།   མི་ཉག་རྟགས་སྒོ།  རྒྱ་ཡུལ་རྟགས་སྒོ་ཞེས་པའི་ངག་རྒྱུན་དེང་སང་ཡང་མ་ཉམས་གནས་ཡོད་པ་ལྟར་གནའ་དུས་སུ་རྒྱ་ཡུལ་གྱི་ཇ་དང་དར་རས་སོགས་ཡར་དར་རྩེ་མདོའི་བར་དུ་འབོར་འདྲེན་བྱེད་ཅིང་།   བོད་ནས་པགས་རིགས་དང་སྨན་རྫས་སོགས་དར་མདོ་བར་ཕར་འདྲེན་པས།   རྒྱ་བོད་གཉིས་ཀྱི་ཚོང་རའི་ས་མཚམས་བརྗེ་ལེན་གྱི་འདྲེས་མདོ་ལ་དར་རྩེ་མདོ་དང་།  ངོམ་ཆུ་ནི་མཚོ་སྔོན་ཞིང་ཆེན་གྱི་ནང་ཆེན་རྫོང་དང་བོད་རང་སྐྱོང་ལྗོངས་ཀྱི་རི་བོ་ཆེ་རྫོང་བརྒྱུད་དེ་ཆབ་མདོ་རུ་ཟླ་ཆུར་འདྲེས་པས།   ཟླ་ཆུ་ངོམ་ཆུ་གཉིས་ཀྱི་འདྲེས་མདོ་ལ་ཆབ་མདོ་ཞེས་མིང་ཐོགས་པ་ལྟ་བུ་སོགས་ལས་མདོ་ཚིག་གྲོགས་ཡིན་པའི་ས་མིང་མང་པོ་ཞིག་ས་བབ་ཀྱི་སྟེང་ནས་ལུང་བ་དང་ཆུ་སྣ་མང་པོའི་འདྲེས་མདོ་དང་།   ཡང་ན་སྔོན་གྱི་ཆབ་སྲིད་དང་དམག་དོན་ལྟེ་གནས་སམ་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ལྟ་བུར་མངོན་པས།   གོང་གི་ལྡོང་ལ་བཙུན་དྲུག་གི་ནང་གསེས་འ་མདོ་ལ་འབྲེལ་བའི་ཡུལ་ཚོ་དང་སྡེ་བ་སོགས་གཞིས་སྡོད་ཀྱི་ཡུལ་གྲུའམ་ཡང་ན་དེ་དག་གི་ཆབ་སྤེལ་རིག་གསུམ་སྤེལ་བའི་ལྟེ་གནས་ལ་ཨ་མདོ་ཞེས་མིང་ཐོགས་པར་སྙམ་ལ།   རིམ་གྱིས་ཙོང་ཁའམ་གྱི་ཐང་ལ་ཨ་མདོ་ཞེས་པའི་འབོད་ཚུལ་ཆགས་པར་འདོད་པ་སྟེ།  ཡང་སྐུ་འབུམ་གདན་རབས་སུ་སྟོད་ཁམས་བར་ཁམས་ཨ་མདོ་བཅས་པ་ལ་སྒང་གསུམ་དུ་ཕྱེ་བ་ཡིན་ཞེས་པ་ལས་སྟོད་ཁམས་ནི་གོང་གི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་ཏུ་གསལ་བའི་སྨད་ཁམས་གསུམ་གྱི་སྟོད་ཁམས་དང་།   བར་ཁམས་ནི་སྨད་ཁམས་གསུམ་གྱི་བར་ཁམས་སམ་མདོ་སྨད།   དབྱར་མོ་ཐང་གསུམ་དང་།   ཨ་མདོ་ནི་སྨད་ཁམས་གསུམ་གྱི་སྨད་ཁམས་སམ་གྱི་ཐང་།   ཙོང་ཁ་གསུམ་བཅས་ནི་སྐབས་བབ་ཀྱི་ས་གནས་དབང་སྒྱུར་མཁན་དང་དམག་དོན་སྒྲིག་འཛིགས་ཀྱི་ལྟེ་གནས་མི་འདྲ་བར་བྱུང་བའི་མིང་ཡིན་པ་ལས་མདོར་དྲིལ་ན་ཡུལ་ཁམས་གཅིག་ཏུ་ངོས་འཛིན་ཆོག་པ་ཚོད་དཔག་བྱེད་ཐུབ།        

ཨ་མདོ་ཞེས་པའི་མིང་གི་ཁྱབ་ཁོངས་ག་འདྲ་ཡིན་ཞེ་ན།  འཛམ་གླིང་སྤྱི་བཤད་དུ་སྡེ་དགེ་ནས་ཤར་དུ་ཧོར་ཁོག་ཟེར་བའི་ལུང་པ་ཡོད་པ་དེར་ཁང་གསར་དང་མ་ཟི།   བྲག་མགོ དཔེ་རི།   དྲིའོ་ཟེར་བའི་དཔོན་ཁག་ལྔ་དང་།   ཧོར་གམ་རྩི་དགོན་པ་དང་།   བྲག་མགོ་དགོན།   རྟ་བོ་ཉ་མཚོ་དགོན།   རྫ་དགོན་གསར་སོགས་ཡོད།   དེ་དག་ནས་ཤར་དུ་སྟོང་སྐོར་ཟེར་བའི་སྡེ་ཡོད་པ་དེ་འདས་པ་ན།   མདོ་སྨད་ཨ་མདོའི་ས་ཆར་སླེབས་ཡོད་ཅེས་དང་།   ཡང་དེ་རུ་སྟོང་སྐོར་གྱི་ཤར་དུ་རྡོ་ཁོག་དང་འཛི་ཁོག སྨར་ཁོག་ཟེར་པའི་ལུང་པ་གསུམ་ཡོད་པ་དེའི་མི་རྣམས་ཨ་མདོའི་ཁོངས་སུ་གཏོགས་པའི་སྟོང་སྐོར་ཞེས་པ་ནི་དེང་གི་དཀར་མཛེས་རྫོང་ཁོངས་སུ་གཏོགས་ཞིང་།   བྲག་འགོ་དང་གསེར་རྟ།  དཀར་མཛེས་གསུམ་གྱི་ས་མཚམས་སུ་གནས་པས།   སྟོང་སྐོར་ཟེར་བའི་སྡེ་འདུས་པ་ན་མདོ་སྨད་ཨ་མདོར་སླེབས་ཡོད་ཅེས་པ་ལས།   དེང་གི་བྲག་འགོ་དང་གསེར་རྟ་གཉིས་ཨ་མདོའི་ཁོངས་སུ་གཏོགས་པ་ཚོད་དཔག་བྱེད་ཐུབ།  སྟོང་སྐོར་ཤར་ཕྱོགས་འཛམ་ཐང་གི་རྡོ་ཁོག་དང་འཛི་ཁོགསྨར་ཁོག་ཟེར་པའི་ལུང་པ་གསུམ་ཡོད་པ་དེའི་མི་རྣམས་ཨ་མདོའི་ཁོངས་སུ་གཏོགས་ཞེས་པ་ལས་སི་ཁྲོན་གྱི་འཛམ་ཐང་དང་རྔ་བ་སོགས་ཀྱི་ཤར་རྒྱུད་ས་ཁུལ་ཨ་མདོའི་ཁོངས་སུ་གཏོགས་པ་གསལ།   དེ་བས་དེང་གི་ཟི་ལིང་སྟེ་ཙོང་ཁའམ་གྱི་ཐང་ལྟེ་བ་བྱས་པའི་ནུབ་རྒྱུད་ཁུལ་གྱི་བྲག་འགོ་དང་གསེར་རྟ།   འཛམ་ཐང་དང་རྔ་བ་སོགས་ཨ་མདོའི་ཡུལ་ཁམས་སུ་གཏོགས་པ་ཚོད་དཔག་བྱེད་ཐུབ་པ་དང་།  མདོ་སྨད་ཨ་མདོར་སླེབས་ཞེས་པ་ལས་མདོ་སྨད་དང་ཨ་མདོ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་མིན་པའང་ཤེས་ཐུབ།   མདོ་སྨད་ཆོས་འབྱུང་དུ་འབྲུ་ཆུའི་སེ་བོ་ལུང་རིང་བརྒལ་བའི་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་།   མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཟེར་ཞེས་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཅེས་པར་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བ་ཡན་ཧ་རི་ཞེས་པ་སོག་པོའི་སྐད་ཀྱི་མིང་ཞིག་ཡིན་ལ།   དོན་འགྲེལ་བྱས་ན་ཕུན་སུམ་ཚོགས་པའི་རི་བོར་གོ།   བོད་སྐད་དུ་ཁྲ་ལ་རི་བོ་ཞེས་འབོད།  ཨ་ཆེན་གངས་རྒྱབ་དང་འབྲེལ་བའི་ཁྲ་ལ་རི་བོ་ནི་རི་རྒྱུད་ཧ་ཅང་རིང་མོ་ཞིག་ཡིན་པས།   སྟོད་ཨ་ཆེན་གངས་རྒྱབ་དང་སྨད་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་མོ་དར་རྩེ་མདོ་ལ་ཐུག་གི་བར་ཏུ་གནས་ཡོད་པར་གསུངས།   ཨ་ཆེན་གངས་རྒྱབ་ནི་དེང་གི་ས་ཁྲའི་སྟེང་ཁུ་ནུ་རི་རྒྱུད་ཀྱི་བར་དང་ཤར་རྒྱུད་ལ་ཨ་ཆེན་གངས་ཆེན་རི་རྒྱུད་ཟེར་བ་དང་།   ཡུལ་ཤུལ་ལོ་རྒྱུས་སུ་ཁུ་ནུ་རི་རྒྱུད་དེའི་བོད་སྐད་ཀྱི་མིང་ལ་ཨ་ཆེན་གངས་རྒྱབ་ཟེར་བ་སོགས་ལས་ཨ་ཆེན་རི་རྒྱུད་ནི་དེང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནུབ་བྱང་དང་བྱང་ཕྱོགས་སུ་གནས་པ་ཚོད་དཔག་བྱེད་ཐུབ།   རི་རྒྱུད་འདིའི་མིང་ལ་སོག་སྐད་དུ་ཨ་ཁུ་ཏ་ཆིན་ཨོལ་ཟེར་བ་དང་།   དེ་ནི་ཅང་ཤེས་ཀྱི་ཕ་ས་ཞེས་པའི་དོན་ཡིན་པ་སྟེ།   ཨ་ཁུ་ཏ་ནི་ཅང་ཤེས་ཀྱི་མིང་དང་།   ཆིན་ནི་རྟ་བ།   ཨོལ་ནི་རི་བཅས་ཀྱི་མིང་ཡིན།   དེ་བས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་།  མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཞེས་བར་བརྟག་ན་མདོ་སྨད་རྟའི་ཆོལ་ཁ་ཞེས་འདོགས་པའི་གནད་ཀྱི་གཙོ་བོའང་ཨ་ཆེན་གངས་རྒྱབ་ལ་འབྲེལ་ཆེ་ཞིང་།  ཆོལ་ཁའང་སོག་སྐད་ཀྱི་དར་སའི་དོན་ཡིན་པའི་བཤད་རྒྱུན་ལའང་བདེན་ཁ་ཤིན་ཏུ་ཆེ་བར་སྙམ།   དེ་བཞིན་ཨ་ཆེན་གངས་རྒྱབ་དང་བ་ཡན་ཧ་རི་གཉིས་ནི་སོག་སྐད་ཡིན་པ་སྟེ།  ཨ་ཁུ་ཏ་ཆིན་ཨོལ་དངཔ་ཡན་ཧཱར་ཨོལ་ཞེས་པའི་ཨ་ཁུ་ཏ་ཆིན་ནི་ཨ་ཆེན་གངས་རྒྱབ་དང་།   པ་ཡན་ཧཱར་དང་བ་ཡན་ཧ་ཞེས་པའི་སྒྲ་འགྱུར་དང་།   ཨོལ་ནི་རི་བོའི་དོན་འགྱུར་ཡིན་པ་ཤིན་ཏུ་གསལ།   རང་རྒྱལ་གྱི་རང་བྱུང་ཁོར་ཡུག་གི་ས་བབ་དང་གནམ་གཤིས་སོགས་ཀྱི་ཁྱད་པར་ལས་བོད་ཀྱི་ཡུལ་ཁམས་ནི་ཤར་ཕྱོགས་དུས་རླུང་ས་ཁུལ་དང་།  ནུབ་བྱང་སྐམ་པའི་ས་ཁུལ་ལམ་ཕྱེད་སྐམ་པའི་ས་ཁུལ།  མཚོ་བོད་མཐོ་སྒང་གྲང་ཁུལ་བཅས་གསུམ་དུ་དབྱེ་བ་ལས་མདོ་ལ་རིང་མོ་ནི་གྲང་ཁུལ་དང་སྐམ་ཁུལ་ལམ་ཕྱེད་སྐམ་ཁུལ་གཉིས་གྱི་མཚམས་ཐིག་ལྟ་བུ་མངོན་པས།   དེ་ངོས་ཀྱི་ཆུ་རྣམས་ཕྱོགས་འདྲེས་ཀྱི་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་ལ་རྨ་ཆུར་གྲགས་པ་མཚོ་སོ་ལོའམ་མཚོ་སྐྱ་རེངས་ཀྱི་ལྷོ་ཕྱོགས་སུ་འཁྱོག་པའི་ཁུག་སོ་མན་ཆད་ཨ་མདོ་ཟེར་ཞེས་མདོ་ལ་རིང་མོའི་སྲིབ་ངོས་སུ་རྨ་ཆུ་མཚོ་སྐྱ་རེངས་ཀྱི་ལྷོ་ཕྱོགས་སུ་འཁྱོག་པའི་ཁུག་སོ་མན་ཆད་ཅེས་པ་དེ་དེང་གི་མགོ་ལོག་རྨ་སྟོད་དང་དར་ལག་སོགས་ཀྱི་ཡུལ་ཁམས་ཨ་མདོའི་ཁོངས་སུ་གཏོགས་པ་ཚོད་དཔག་བྱེད་ཐུབ།  

བོད་ཀྱི་ཡུལ་སྐད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་དབུས་གཙང་དང་།   ཁམས།   མདོ་སྨད་ཅེས་པའི་ཡུལ་ཁམས་དབྱེ་ཚུལ་བྱུང་བ་ནས་མདོ་སྨད་ཀྱི་ཡུལ་ཁམས་ཕལ་ཆེར་དེང་གི་མཚོ་སྔོན་གྱི་མཚོ་ལྷོ་དང་རྨ་ལྷོ།   མཚོ་བྱང་།  མཚོ་ཤར།   མཚོ་ནུབ།   མགོ་ལོག ཀན་སུའུ་ཀན་ལྷོ།   སི་ཁྲོན་གྱི་རྔ་བ་སོགས་ཕལ་ཆེར་ཨམ་སྐད་བཤད་པའི་བོད་ཀྱི་ཡུལ་ཁམས་སྤྱི་ལ་ངོས་འཛིན་བྱེད་པས།   སྐབས་འདིའི་མདོ་སྨད་ཀྱི་ཡུལ་ཁམས་ནི་ཨ་མདོ་དང་ཁྱད་པར་ཆེན་པོ་མེད།   དེ་བས་མདོ་སྨད་ཅེས་པའི་མིང་གི་ཁྱབ་ཁོངས་ནི་བོད་བཙན་པོ་སྐབས་དང་།   བོད་སིལ་བུ་ཐོར་བ།   བོད་ལྗོངས་བཅིངས་འགྲོལ་སོགས་དུས་མཚམས་རེ་རེར་མིང་གི་ཁྱབ་ཁོངས་ལ་འགྱུར་བ་བྱུང་དང་འབྱུང་བཞིན་པ་ཧ་ཅང་གསལ་བས།   མདོ་སྨད་ཆོས་འབྱུང་རྒྱ་འགྱུར་མའི་དཔེ་མིང་གི་མདོ་སྨད་ཅེས་པའི་ཚབ་ཏུ་ཨ་མདོ་ཞེས་བཏགས་པ་དེ་མ་ཡིག་གི་བརྗོད་དོན་ཁྱབ་ཁོངས་དང་འོས་མཚམ་མིན་པར་སྙམ་སྟེ།   མདོ་སྨད་ཆོས་འབྱུང་གི་བརྗོད་བྱ་ནི་འབྲི་ཆུའི་འབབ་རྒྱུད་ཀྱི་བོ་ཏུ་(武都)དང་།  བིན་ཞན།   ཐེ་བོ།   འབྲུག་ཆུ་སོགས་དང་།   ཀླུ་ཆུའི་འབབ་རྒྱུད་ཀྱི་ཅོ་ནེ་དང་།   བ་ཙེ།   མིན་ཞན།   ཤིང་གུན།  ཧོ་ཀྲིན།   ཁང་ལེན།   ཀླུ་ཆུ་སོགས།   བསང་ཆུའི་འབབ་རྒྱུད་ཀྱི་ཀ་ཅུ་དང་།   ཡོན་ཆིན།   བསང་ཆུ།   གཙོས་སོགས།   སི་ཁྲོན་གྱི་སུང་ཆུ་དང་།   རྔ་བ།   བཙན་ལྷ་དང་ཆུ་ཆེན་སོགས་ཀྱི་ཡུལ་ཁམས།   མཚོ་སྔོན་གྱི་རྨ་ཆུ་དང་ཙོང་ཆུ།   དགུ་ཆུ།   འབྲུ་ཆུ་སོགས་འབབ་རྒྱུད་ཀྱི་དགོན་སྡེ་ཆེ་ཆུང་མང་པོ་འདུ་བས།   ཨ་མདོའི་ཡུལ་སྤྱིའི་ཁྱབ་ཁོངས་ལས་རིང་དུ་བརྒལ་པ་དེ་ལས་ཀྱང་མདོ་སྨད་དང་ཨ་མདོ་གཉིས་ནི་གཅིག་ཚབ་གཅིག་གིས་བྱེད་མི་འོས་པ་དཔག་ཐུབ་པ་དང་།   ཤར་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཨ་མདོའི་ཆོས་འབྱུང་ཞེས་པའི་དཔེ་མིང་ལས་ཡང་མདོ་སྨད་དང་ཨ་མདོ་ཞེས་པའི་ཡུལ་མིང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་མིན་པར་སྐབས་དེར་ཨ་མདོ་ནི་མདོ་སྨད་ཀྱི་ཡུལ་བྱེ་བྲག་པ་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ།  

དེ་བས་གནའ་དུས་བོད་བཙན་པོའི་སྐབས་སུ་མདོ་ཁམས་ཡུལ་གྲུ་སྤྱི་ལ་མདོ་སྨད་ཅེས་འབོད་སྲོལ་ཡོད་པའི་མདོ་ཁམས་ཀྱི་ཁྱབ་ཁོངས་ནི་མདོ་ཁམས་ལ་ཡང་སྒང་གསུམ་དུ་བྱེད་པ་ནི།   མདོ་ཁམས་ལ་སྨད་ཁམས་བཏགས་པ་གཅིགམདོ་ཁམས་ལ་གཡེར་མོ་ཐང་བཏགས་པ་གཅིག ཙོང་ཁ་ལ་གྱི་ཐང་བཏགས་པ་སྒང་གཅིག་ཅེས་པའི་མདོ་ཁམས་ལ་སྒང་གསུམ་བྱེད་པ་དང་མདོ་ཁམས་ལ་སྨད་ཁམས་བཏགས་པ་གཉིས་ནི་དུས་མཚམས་མི་མཐུན་པའི་སྐབས་ཀྱི་ཁྱབ་ཁོངས་ངོས་འཛིན་བྱེད་ཚུལ་གཉིས་སུ་སྣང་བས།   མདོ་ཁམས་སྔོན་མའི་སྐབས་དེར་མདོ་ཁམས་ཀྱི་ཡུལ་ཁམས་ནི་སྨད་ཁམས་དང་།   དབྱར་མོ་ཐང་།   ཙོང་ཁ་བཅས་ཀྱི་ཡུལ་ཁམས་སྤྱི་ལ་ངོས་འཛིན་ཆོག་པ་དང་།   བོད་བཙན་པོའི་སྐབས་སུ་དེ་དག་གི་སྤྱི་མིང་ལ་མདོ་སྨད་ཟེར་བས།   བོད་བཙན་པོའི་སྐབས་ཀྱི་མདོ་སྨད་ཅེས་པའི་ས་མིང་གི་ཁྱབ་ཁོངས་ནི་ཕྱིས་ཀྱི་ལོ་རྒྱུས་ཡིག་ཆར་བྱུང་བའི་སྨད་ཁམས་གསུམ་གྱི་སྤྱི་མིང་ཡིན་པ་ཚོད་དཔག་བྱེད་ཐུབ།   ཕྱིས་སུ་ཆབ་སྲིད་སྒྲིག་འཛུགས་དང་མངའ་ཁོངས་དབང་བསྒྱུར་གྱི་ལྟེ་གནས།   དམག་དོན་སྒྲིག་འཛུགས་ལྟེ་བ་དང་ལམ་ལུགས་སོགས་ཀྱི་འགྱུར་བ་དང་བསྟུན་ནས་མདོ་སྨད་ལ་ཁམས་ཞེས་པའི་འབོད་སྲོལ་ཆགས་པ་དང་།   ཡང་སྐབས་ཤིག་ལ་སྨད་ཁམས་གསུམ་གྱི་བར་ཁམས་སམ་དབྱར་མོ་ཐང་གི་ཡུལ་ཁམས་འབའ་ཞིག་ལ་མདོ་སྨད་ཅེས་འབོད་སྲོལ་ཆགས་པ་སོགས་དུས་ཀྱི་འགྱུར་བ་དང་ལོ་རྒྱུས་ཀྱི་གཡུལ་ཁ་ནས་མདོ་སྨད་ཅེས་པའི་ས་མིང་གི་ཁྱབ་ཁོངས་ཀྱང་ཟས་མི་ལག་བརྒྱུད་ནས་ཇེ་ཉུང་ལྟར་རིམ་གྱིས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བ་ཧ་ཅང་མངོན་གསལ་ཡིན་ལ།   དེ་ལས་ལྡོག་ནས་ཨ་མདོ་ཅེས་པ་ཙོང་ཁའམ་གྱི་ཐང་གི་ཡུལ་ཁམས་ལས་རྒྱ་ཆེར་བརྒལ་ནས་2013ལོར་མདོ་སྨད་དང་ཨ་མདོ་གཉིས་ཀྱི་ངོ་བོ་གཅིག་ཏུ་འདྲེས་པའི་སྣང་ཚུལ་བྱུང་བ་མ་ཟད།   དེ་གཙོ་བོ་བོད་ཁམས་སྤྱི་ལས་ཨམ་སྐད་བཤད་པའི་ཡུལ་ཁམས་ཡོངས་ཀྱི་མིང་ལ་ཨ་མདོའམ་མདོ་སྨད་ཅེས་པའི་འབོད་ཚུལ་ཆགས་ཡོད།   འོན་ཀྱང་ཉེ་བའི་ལོ་འགར་ཨ་མདོ་ཞེས་པ་མིང་བཀོལ་ཁྱབ་རྒྱ་ཆེར་འགྲོ་བཞིན་པ་མངོན་ཞིང་།   དེ་བཞིན་མདོ་སྨད་ཅེས་པའི་མིང་གི་བཀོལ་སྤྱོད་རིན་ཐང་ཡང་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་པ་མངོན་གསལ་ཡིན་ནོ།  །  

 

གསལ་བཤད།   རྩོམ་འདི་ནི་2013ལོའི་ནུབ་བྱང་ཡིག་ཚང་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་ལས་གཞིའི་བར་སྐབས་ཀྱི་དཔྱད་འབྲས་ཡིན་ཞིང་།   ལས་གཞིའི་ཨང་རྟགས།   WXJD-YB-2013-7

 

(རྩོམ་སྒྲིག་འགན་ཁུར་བ་གཡུ་སྒྲོན།  )

 

མགོན་པོ་སྐྱིད།   ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་2012ལོའི་འབུམ་རམས་པའི་སློབ་མ་ཡིན།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101