中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
2012ལོའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་དཔྱད་གླེང་ཚོགས་འདུའི་སྤྱི་བཤད།

སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་སྐོར་གྱི་ཚོགས་འདུ་དེ་སྤྱི་ལོ་2012ལོའི་ཟླ་12པའི་ཚེས་1ནས་2བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཚོགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གཉིས་ནས་མཉམ་འབྲེལ་གྱིས་བསྐོངས་ཤིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན། ཚོགས་འདུར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མཁས་བཙུན་རྣམ་པ། ཅིན་སྡོད་བོད་རིག་པའི་ཆེད་ལས་མཁས་པ། བོད་ལྗོངས་དང་བོད་ཁུལ་གཞན་དག་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་སོགས་མི་སྣ་60ལྷག་ཞུགས་ཡོད།

     ཚོགས་ཚད་ཉིན་གཉིས་ཡིན་པའི་ཚོགས་འདུ་འདི་ཚོགས་སྒོ་འབྱེད་པ་དང་ཚོགས་ཆུང་གིས་དཔྱད་གླེང་བྱེད་པ། ཚོགས་མཇུག་བསྡུ་བ་བཅས་རིམ་པ་གསུམ་དུ་དབྱེ་ཡོད། ཚོགས་འདུའི་སྐབས་སུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མཁས་བཙུན་རྣམ་པ་དང་ཆེད་ལས་མཁས་པ་རྣམ་པས་སྲོལ་རྒྱུན་ཡག་པོ་དར་སྤེལ་བཏང་ནས་རྒྱལ་ཕན་དམངས་ཕན་ཆོས་ཕན་ཡོང་བར་བྱེད་ཅེས་པའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་གཞིར་བཟུང་སྟེ་དཔྱད་གླེང་ལྷུག་བརྗོད་གནང་ཡོད་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་ཞིབ་འཇུག་གི་ལས་གཞིའི་ཚོགས་པས་ད་དུང་ཚོགས་འདུར་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ཚོད་ལྟའི་དེབ)》དང་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》(དེབ་དང་པོ་སོགས་ཞིབ་འཇུག་གི་གྲུབ་འབྲས་སྤྱན་འབུལ་བྱས་ཡོད།

     ཚོགས་སྒོ་འབྱེད་སྐབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་དང་ཀན་སུའུ་ཞིང་ཆེན་གྱི་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའམ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཡོན་ཀྲང་ཀུན་མཁྱེན་འཇམ་དབྱངས་བཞད་པ། དེ་མིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུའུ་བདུན་པའི་ཅུའུ་ཀྲང་གཞོན་པ་ཝེ་ཀང་བཅས་ཀྱིས་གཏམ་བཤད་གནང་། དབུ་ཁྲིད་རྣམ་པས་དགོངས་འགྲེལ་སྐོར་གྱི་ལས་ཀར་དོན་སྙིང་འགངས་ཆེན་ཡོད་པ་ནན་གྱིས་བསྟན་པ་དང་། འདིའི་སྐོར་གྱི་ལས་ཀ་འགོ་བརྩམས་པ་ནས་ད་ལྟའི་བར་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཛད་པར་མ་ཟད། མ་འོངས་པའི་ལས་ཀའི་བྱེད་ཕྱོགས་སྐོར་ལ་རེ་འདུན་བཏོན་ཡོད།

      སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱུང་པའི་གནད་འགག་གི་དུས་རིམ་ནང་ཚོགས་པའི་ཚོགས་ཆེན་འགངས་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བསྒྲེངས་པའི་དར་ཆ་ནི་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་ལས་ཀ་སྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ནང་བསྟན་གྱི་དགོངས་འགྲེལ་ནི་ནང་བ་སངས་རྒྱས་ཆོས་ལུགས་དང་པོ་དབུ་བརྙེས་པ་ནས་བཟུང་རྒྱུན་འཁྱོངས་བྱེད་པའི་སྲོལ་བཟང་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ལ་མཚོན་ན་ཡང་ནང་བསྟན་དགོངས་འགྲེལ་སྐོར་གྱི་ལོ་རྒྱུས་རྒྱུན་རིང་ལྡན་པ་རེད། དེང་སྐབས་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་ལ་དེང་རབས་ཀྱི་སྤྱི་ཚོགས་དང་འཚམ་པའི་འགྲེལ་བ་གསར་བ་རྒྱག་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་རང་སྟེང་གི་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། སངས་རྒྱས་ཆོས་ལུགས་ལ་ལོ་ངོ་སྟོང་གཉིས་དང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་བསྟན་འཛིན་གྱི་སྐྱེས་བུ་མང་ཞིང་ས་ཕྱོགས་མང་པོར་དར་ཁྱབ་བྱུང་ཡོད་པས། འཛམ་གླིང་གི་ཆོས་ལུགས་ཆེན་པོ་རྣམ་གསུམ་གྱི་ཡ་གྱལ་ཡིན། ནང་བསྟན་འདི་མི་ནུབ་ཡུན་དུ་དར་བའི་རྒྱུ་རྐྱེན་གཙོ་བོ་ནི་དེའི་ཡང་དག་པའི་ཆོས་སྤེལ་གྱི་རྣམ་པ་ལ་རག་ལས་ཏེ་སྤྱི་ཚོགས་དང་ནམ་ཡང་འཚམ་མཐུན་ཡོང་བས་ཀྱང་ཡིན། འཆད་རྩོད་རྩོམ་གསུམ་ལ་བརྟེན་ནས་ནང་བའི་ཆོས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པ་ནི་ད་ལྟའི་བར་དུ་ནང་ཆོས་དར་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། དགོངས་འགྲེལ་ནི་ནང་བསྟན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ནང་དུ་སྟོན་པས་ཀྱང་ཆོས་འཁོར་བསྐོར་ནས་བདེན་པ་བཞིའི་ཆོས་གསུངས་ཏེ་ནང་བའི་བསྟན་པའི་སྒོ་མོ་ཆེ་རུ་ཕྱེ་བ་དང་། དགོངས་འགྲེལ་གྱི་ལུགས་གསར་ཏུ་བཏོད་པ་རེད། དེ་ནས་བཟུང་ནང་བ་སངས་རྒྱས་པའི་ཆོས་འདི་འཆད་ཉན་དང་དགོངས་འགྲེལ་དང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད། དགོངས་འགྲེལ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཀྱི་གོམས་སྲོལ་ཞིག་ཡིན་པས་མཐའ་གཅིག་ཏུ་བོད་བརྒྱུད་ནང་བསྟན་གྱི་དར་རྒུད་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། སྤྱི་ལོ་དུས་རབས་བདུན་པའི་རྗེས་སུ་རྒྱ་བོད་ཀྱི་ལོ་པཎ་གང་མང་གིས་བསྟན་པའི་གསུང་རབས་འབོར་ཆེན་ཞིག་བོད་དུ་བསྒྱུར་འགོ་ཚུགས། སྤྱིར་བོད་སྐད་དུ་བསྒྱུར་བ་དེ་ཡང་དགོངས་འགྲེལ་གྱི་ཆ་ལ་གཏོགས་ཏེ། ནང་བསྟན་བོད་དུ་ཐོག་མར་དར་ཡོང་དུས་ཀྱི་རྣམ་པ་ཡང་ཡིན་ནོ།། སྤྱི་ལོའི་དུས་རབས་བཅུ་བའི་མཇུག་ནས་བཟུང་བོད་དུ་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། ཇོ་ནང་། དགེ་ལུགས་པ་སོགས་གྲུབ་མཐའ་སྣ་མང་བྱུང་ཡོད། དུས་མཚུངས་སུ་མཁས་ཆེན་རྣམས་ཀྱིས་ནང་བསྟན་གྱི་དགོངས་དོན་ལ་ཞིབ་འཇུག་གང་ལེགས་གནང་རྗེས་གང་གཱའི་བྱེ་མའི་གྲངས་ལ་འཁུ་བའི་གསུང་རྩོམ་འབོར་ཆེན་ཞིག་བརྩམས་གནང་མཛད་ཡོད་པ་རེད། གསུང་རྩོམ་འདི་དག་ནི་ནང་བསྟན་དགོངས་འགྲེལ་སྐོར་གྱི་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་ཡིན་པ་དང་། ནང་བའི་བསྟན་པས་དགོངས་འགྲེལ་ལ་མཐོང་ཆེན་བྱེད་པའི་རྟགས་རེད། ནང་བསྟན་གྱི་དགོངས་འགྲེལ་ནི་ནང་ཆོས་དར་སྤེལ་དུ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན། ཆོས་ཀྱི་དགོངས་པར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་རིག་གནས་གོང་འཕེལ་གྱི་རེ་འདུན་དང་འཚམ་པའི་འགྲེལ་བ་རྒྱག་རྒྱུ་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་མཐུན་ཡོང་པའི་རེ་འདུན་ཡིན་པར་མ་ཟད། དངོས་ཡོད་འཚོ་བ་དང་འབྲེལ་བ་དམ་ཟབ་བྱུང་པའི་ལྡོག་ཏུ་མེད་པའི་འཕེལ་ཕྱོགས་ཀྱང་ཡིན། ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་སྲོལ་རྒྱུན་ཡག་པོ་དར་སྤེལ་བཏང་ནས་རྒྱལ་ཕན་དམངས་ཕན་ཆོས་ཕན་ཡོང་བར་བྱེད་ཅེས་པ་དེ་ཡིན། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་འཕེལ་ཕྱོགས་ཡང་དག་པ་དེ་ཡིན། བོད་བརྒྱུད་ནང་བསྟན་གྱིས་ངེས་པར་དུ་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དང་རང་སྟེང་གི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་ལས་ལ་གཞོལ་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལས་ཤེས་རྟོགས་བྱུང་ཐུབ་པ་ནི་དེའི་དགོངས་འགྲེལ་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་མཐུན་ཡོང་བ་དང་སྤྱི་ཚོགས་ཀྱི་དངོས་ཡོད་དགོས་མཁོ་དང་ཟུང་ཏུ་འབྲེལ་ཡོད་པ་ཞིག་ཡིན་པར་བརྟེན། བོད་བརྒྱུད་ནང་བསྟན་ཞེས་པ་དང་དེའི་གྲུབ་མཐའ་སྣ་མང་གྲུབ་ཡོད་པ་རེད། བོད་བརྒྱུད་ནང་བསྟན་དེ་དངོས་ཡོད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོང་ན་གཞི་ནས་སྤྱི་ཚོགས་དང་ཆོས་དད་མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་ཐུབ་པ་རེད།

       ནང་བསྟན་གྱི་དགོངས་འགྲེལ་ནི་ནང་ཆོས་ཀྱི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ནས་ཆོས་རྒྱུན་གཙང་འཛིན་བྱས་ནས་དེར་དུས་རབས་དང་འཚམས་པའི་ངོས་འཛིན་དང་འགྲེལ་བ་རྒྱག་རྒྱུ་དེ་ཡིན། དགོངས་འགྲེལ་རྒྱག་པ་ནི་ཆོས་ཀྱི་དགོངས་པ་གསར་བ་ཞིག་བསྐྱར་དུ་འཛུགས་པ་ཞིག་མ་ཡིན་པར་ཆོས་ཀྱི་དགོངས་དོན་དང་དངོས་ཡོད་འཚོ་བ་གཉིས་འབྲེལ་བ་དམ་ཟབ་འབྱུང་བར་བྱེད་པའི་ཐབས་ལམ་ཞིག་འཚོལ་བ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ཡང་བོད་བརྒྱུད་ནང་བསྟན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། ནང་བསྟན་ལ་དགོངས་འགྲེལ་བྱ་རྒྱུ་དེ་གཙོ་བོ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མཁས་དབང་རྣམ་པར་བརྟེན་དགོས་པ་དང་། གཙོ་བོ་ཁོང་རྣམ་པས་ཆོས་ཀྱི་དགོངས་དོན་ལ་དུས་རབས་འཕེལ་རྒྱས་དང་རིག་གནས་ཡར་ཐོན་གྱི་དགོས་མཁོ་དང་མཐུན་པའི་འགྲེལ་བ་རྒྱག་དགོས་པ་རེད། གཞན་ད་དུང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་རོགས་སྐྱོར་དང་རོགས་རམ་ལ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་། ལྷག་པར་དུ་བོད་རིག་པའི་ལས་རིགས་ཀྱིས་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དྲིལ་བསྒྲགས་དང་སྣེ་ཁྲིད། རོགས་འདེགས་བཅས་ཀྱི་ལས་ཀ་སྒྲུབ་ཏེ། རྒྱལ་ཕན་དམངས་ཕན་གྱི་ལས་གཞི་འདི་རང་གིས་ནུས་པ་འདོན་པར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་གྱིས་ཧུར་ཐག་གིས་ནང་བསྟན་གྱི་དགོངས་འགྲེལ་རྒྱག་པའི་ལས་ཀ་སྒྲུབ་དགོས་པ་དང་སྔ་མཐུད་རྗེས་སྐྱོང་དང་མ་འོངས་གསར་གཏོད་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་རེད། བོད་རིག་པ་ཞིབ་འཇུག་གི་རྩ་དོན་མཐོ་ཤོས་ནི་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཡིན་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱས་ནས་བོད་བརྒྱུད་ནང་བསྟན་གྱིས་སྔར་ལས་ལེགས་པའི་སྒོ་ནས་དགོངས་འགྲེལ་རྒྱག་པའི་ལས་ཀ་སྤེལ་བར་ནུས་པ་འདོན་ངེས་ཡིན།

  འཇམ་དབྱངས་བཞད་པ་ཚང་གིས་གསུངས་དོན། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་བཞིན་པའི་བཀྲ་ཤིས་དུས་བཟང་གི་སྐབས་འདིར་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་ལས་ཀའི་ཚོགས་འདུ་ཚོགས་པ་ནི་མི་སེམས་དགའ་བར་འོས་པ་ཞིག་རེད། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོད་སྟོང་འོག་ཏུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ལམ་དུ་བསྐྱོད་བཞིན་ཡོད་པ་དང་། ལམ་འདི་ནི་འོད་སྟོང་འབར་བའི་ལམ་ཆེན་ཞིག་རེད། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ་དེ་ནི་ལོ་རྒྱུས་འཕེལ་ལམ་གྱི་ཆོས་ཉིད་དང་མཐུན་ལ། དུས་རབས་མདུན་དུ་བསྐྱོད་པའི་གོམ་འགྲོས་དང་ཡང་མཐུན་པར་མ་ཟད། བོད་བརྒྱུད་ནང་བསྟན་ལས་རིགས་དང་ཆོས་དད་མང་ཚོགས་ཀྱི་བསམ་འདུན་དང་ཡང་མཐུན་པ་རེད། རང་རེའི་བོད་ཁུལ་དག་ཏུ་ཞི་བདེའི་ངང་བཅིངས་འགྲོལ་ཐོབ་པ་དང་། དམངས་གཙོ་བཅོས་བསྒྱུར་གནང་བ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་བཟོས་པ་བཅས་ཀྱི་དོན་ཆེན་གསུམ་པོ་དེས་བོད་བརྒྱུད་ནང་བསྟན་ཡང་བསྐྱར་དར་བར་མེད་དུ་རུང་བའི་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད་པ་རེད། ཆོས་ཀྱི་ནང་དུ་ཆོས་ལུགས་ཀྱི་ཀུན་སྤྱོད་དང་རིག་གནས་ཐད་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་མདུན་བསྐྱོད། རིག་གནས་བདེ་ཐང་བཅས་ལ་ཕན་པའི་ནང་དོན་ཡོད་པ་སྔོག་འདོན་དང་དར་སྤེལ་གང་ལེགས་བྱས་ནས། དེ་ལ་འཆམ་མཐུན་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་འགྲེལ་བ་རྒྱག་རྒྱུ་ནི། ང་ཚོས་ཆོས་ཀྱི་དགོངས་དོན་ལ་འགྲེལ་བ་རྒྱག་རྒྱུའི་རྩ་བའི་རེ་བ་ཡིན་པ་དང་། ང་ཚོའི་ནང་བསྟན་དགོངས་འགྲེལ་གྱི་ལས་ཀར་ཚད་འཇལ་བྱེད་པའི་ཚད་གཞི་ཡང་ཡིན། བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་རྒྱག་པ་དེས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་ཐོན་ཐུབ། ཏང་གི་འགོ་ཁྲིད་ནི་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་རྒྱག་པའི་རྩ་བའི་ཁག་ཐེག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནི་བོད་བརྒྱུད་ནང་བསྟན་ལ་འགྲེལ་རྒྱག་པའི་མཛུབ་སྟོན་གྱི་བསམ་བློ་ཡིན། ང་ཚོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷན་དུ་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་ཀར་གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱེད་འདོད་ཡོད།

     ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུའུ་བདུན་པའི་ཅུའུ་ཀྲང་གཞོན་པ་ཝེ་ཀང་གིས་བསྟན་དོན། བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་རྒྱག་རྒྱུ་དེ་ཡིས་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་ཁ་ཕྱོགས་མཚོན་ཐུབ་པ་དང་། དགོངས་འགྲེལ་རྒྱག་རྒྱུ་ནི་འགངས་ཆེ་ཞིང་དོན་སྙིང་ཆེ་ལ་དགོས་གལ་ཤིན་ཏུ་ཆེ་བའི་འགན་ཁུར་ཞིག་ཡིན་པར་མ་ཟད། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་བྱེད་པའི་གལ་ཆེ་བའི་ལས་ཀ་ཞིག་ཀྱང་ཡིན་ཞིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བརྟན་ལྷིང་ལ་ཡང་དོན་སྙིང་ངེས་ཅན་ལྡན་པ་རེད། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་ལག་ལེན་གྱི་ཐད་ནས་གང་མགྱོགས་ཀྱིས་ཁྱབ་སྤེལ་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྔོན་ཐོན་གྱི་དགོངས་དོན་དར་སྤེལ་གཏོང་དགོས། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ནི་ཟབ་ཅིང་རྒྱ་ཆེ་ལ། གསུང་རབ་ཀྱི་བསྟན་བཅོས་རི་ལྟར་བརྩིགས་ཡོད། ཇི་ལྟར་གཏོས་ཆེ་བའི་བཀའ་བསྟན་གྱི་གསུང་ལས་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གྱི་ཉིང་བཅུད་དང་གཞུང་ལུགས་ཉིང་བཏུས་བྱས་ནས། བོད་བརྒྱུད་ནང་བསྟན་དུས་རབས་ཀྱི་དགོས་མཁོ་དང་འཚམ་པར་སྣེ་ཁྲིད་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འབད་བརྩོན་བྱེད་བཞིན་པའི་རླབས་ཆེ་བའི་བྱ་གཞག་ཅིག་རེད། ཆོས་ཀྱི་གསུང་རབ་ཡང་དག་པར་བཀླགས་ནས་གོ་བ་ཡང་དག་པ་བླངས་ཏེ་ད་ལྟ་དང་མ་འོངས་པའི་དུས་སུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་ལ་ཕན་པར་བྱེད་པ་ལ་དངོས་ཡོད་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་རེད། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་པ་རྣམ་པས་ལོ་གཉིས་ལྷག་རིང་ལ་འབད་བརྩོན་ལྷོད་མེད་གནང་བ་བརྒྱུད་ནས་ད་ལྟ་ལས་གཞི་འདིར་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད་པ་རེད། དགོངས་འགྲེལ་ལས་ཀའི་འཆར་འགོད་ལྟར་ན། མིག་སྔར་ད་རུང་འཚོལ་རྟོག་གི་གོ་རིམ་དུ་གནས་ཡོད་པ་དང་རྗེས་ཕྱོགས་སུ་ལག་ལེན་ཁྲོད་མངོན་འགྱུར་བྱེད་པའི་འགན་ཁུར་ཤིན་ཏུ་ལྕི་བར་སྣང་། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གང་ལེགས་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་བོད་བརྒྱུད་ནང་བསྟན་ནང་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་ཐད་ལ་ཕན་པའི་དགོངས་དོན་དང་བསམ་བློ་ཡོད་པ་སྔོག་འདོན་དང་ལེགས་སྒྲིག་བྱས་ནས། དེ་དག་ལག་ལེན་ཁྲོད་དར་སྤེལ་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ལ་གསོན་ཤུགས་གསར་བ་ཞིག་སྦྱིན་དགོས།

     གཞན་ཚོགས་ཐོག་ཏུ་བོད་བརྒྱུད་ནང་བསྟན་གྱི་མཁས་ཆེན་དང་བོད་རིག་པ་ཞིབ་འཇུག་གནང་མཁན་མི་བརྒྱད་ཀྱིས་གཏམ་བཤད་སྤེལ་བ་དང་། ཁོང་རྣམ་པའི་གཏམ་བཤད་ཀྱིས་སྤྱི་ལོ་2012ལོའི་དགོངས་འགྲེལ་ལས་ཀའི་ཐད་ཀྱི་གྲུབ་འབྲས་གསར་བ་མཚོན་ཡོད་པ་རེད། རིག་གཞུང་གཏམ་བཤད་ཁྲོད་འདུལ་ཁྲིམས་ཀྱི་ཞིབ་འཇུག་དང་དེ་ལ་འགྲེལ་རྒྱག་པ་དེ་གཙོ་གནད་རེད། དེ་དག་ལས་བོད་བརྒྱུད་ནང་བསྟན་གྱིས་འདུལ་ཁྲིམས་གཞིར་འཛིན་དགོས་པ་དང་དེའི་མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ལུགས་རང་ཉིད་ཀྱི་འཕེལ་རྒྱས་དང་གཞན་དོན་ལ་ལེགས་སྐྱེས་འབུལ་བ་དེ་ཡིན་པར་འདོད་ཅིང་། ཁ་ཤས་ཀྱིས་རྒྱལ་སྲས་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐོར་དང་སྦྱར་ནས་དེང་རབས་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱིས་ནུས་པ་ཅི་འདྲ་འདོན་དགོས་མིན་སྐོར་བཤད་ཡོད། ཡང་ཁ་ཅིག་གིས་ལོ་རྒྱུས་ཐོག་སྐྱེས་ཆེན་དམ་པ་དག་གིས་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་ཇི་ལྟར་བརྒྱབ་མིན་སྐོར་གླེང་ཡོད་པ་དང་། དཔེ་གཞི་རུ་རྫ་དཔལ་སྤྲུལ་དང་ཁོང་གི་ཀུན་བཟང་བླ་མའི་ཞལ་ལུང་བཞག་ནས་དེས་དགོངས་འགྲེལ་ལ་ཁྱད་ཆོས་ཅི་འདྲ་ཡོད་མིན་དང་དེས་དེང་རབས་སྤྱི་ཚོགས་ནང་དུ་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་ལ་བློ་བསྐྱེད་ཅི་འདྲ་ཡོད་མིན་སོགས་བཤད་ཡོད།

      ཚོགས་མཇུག་སྒྲིལ་བའི་སྐབས་སུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་ལགས་ཀྱིས་སྤྱི་བསྡོམས་ཀྱི་གཏམ་བཤད་སྤེལ། ཁོང་གིས་སྤྱི་བསྡོམས་སུ་ཉིན་གཉིས་ལྷག་རིང་གི་ཚོགས་འདུའི་དུས་ཡུན་ནང་ཚོགས་ཞུགས་མི་སྣ་ཡོངས་ཀྱི་ཧུར་ཐག་ལ་བརྟེན་ནས་འཆར་འགོད་བཟོས་ཡོད་པའི་འགན་ཁུར་ལེགས་འགྲུབ་ཡོང་ཡོད་པ་དང་ཚོགས་འདིའི་གླེང་བྱ་ཚང་མ་ཚར་ཡོད་པར་མ་ཟད། གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད། དེ་གཙོ་བོ་ཕྱོགས་བཞི་ནས་མཚོན་ཡོད་པ་གཤམ་གསལ།

    གཅིག བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་གྱི་ངོས་འཛིན་གོམ་གང་མདུན་སྤོས་ཀྱིས་ཇེ་ཟབ་ཏུ་གྱུར་ཡོད། དཔྱད་གླེང་བྱས་པ་བརྒྱུད་ནས། ཀུན་གྱིས་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་དང་ཆོས་ལུགས་ཀུན་སྤྱོད། རིག་གནས་བཅས་ཀྱི་ནང་དུ་འདུས་ཡོད་པའི་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་མདུན་བསྐྱོད། རིག་གནས་བདེ་ཐང་སོགས་ཀྱི་ནང་དོན་མཐའ་དག་ཧུར་ཐག་གིས་སྔོག་འདོན་དང་དར་སྤེལ་བྱེད་པ་དེ་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བྱེད་པར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱུང་ཡོད་པ་རེད། དགོངས་འགྲེལ་རྒྱག་པ་ནི་ལྟ་བ་བརྗེ་བསྒྱུར་བྱེད་པ་མ་ཡིན་ལ། གཞུང་ལུགས་ཀྱི་མ་ལག་བསྐྱར་འཛུགས་བྱེད་པ་ཡང་མ་ཡིན། དགོངས་འགྲེལ་རྒྱག་པ་ནི་ནང་ཆོས་རང་སྟེང་དུ་གདོད་མ་ནས་ཡོད་པའི་ནང་དོན་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཀྱི་གོམས་སྲོལ་ཞིག་ཡིན་པར་མ་ཟད། བོད་བརྒྱུད་ནང་བསྟན་དར་སྤེལ་ཡོང་བའི་མིག་མདུན་གྱི་དགོས་མཁོ་ཡང་ཡིན།

     གཉིས། བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་གྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱུང་ཡོད།             སྤྱི་ལོ་2011ལོའི་བོད་བརྒྱུད་ནང་བསྟན་གྱི་དཔྱད་གླེང་ཚོགས་འདུའི་ཚུན་ནས། བོད་བརྒྱུད་ནང་བསྟན་གྱི་ལས་རིགས་དང་འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་གིས་ལག་ལེན་དངོས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་ཀ་ཁྱོན་ཡོངས་ནས་སྤེལ་བ་དང་། འགོ་བརྩམས་པ་ལེགས་ཤིང་སྤྱིའི་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་པ་རེད། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གིས་རང་གི་སློབ་ཁྲིད་ཀྱི་དངོས་ཡོད་དང་ཟུང་དུ་འབྲེལ་ནས་དགོངས་འགྲེལ་རྒྱག་པ་སློབ་ཁྲིད་ཀྱི་ནང་དོན་དུ་བཞག་སྟེ། འདུལ་ཁྲིམས་སྐོར་གྱི་འགྲེལ་བར་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ར་བ་དེ་ཇེ་ལེགས་སུ་སྒྲུབ་པ་དང་། དགོངས་འགྲེལ་གྱི་ལས་ཀའི་ཁྲོད་ནུས་པ་གང་ལེགས་འདོན་སྤེལ་ཐོན་ཡོད། དུས་མཚུངས་སུ་དགོངས་འགྲེལ་རྒྱག་པར་བོད་བརྒྱུད་ནང་བསྟན་ལས་རིགས་སུ་རོགས་འདེགས་དང་ཚུར་ལན་རྒྱ་ཆེན་དུ་ཐོབ་ཡོད་དེ། དཔེ་བཞག་ན་སྤྱི་ལོ་2012ལོའི་ཟླ་4པ་ནས་བཟུང་། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་སྐྱེས་ཆེན་དམ་པ་དག་གི་རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། འཆམ་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བྱེད་པའི་སྲོལ་བཟང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ལྗོངས་ཡོངས་ཀྱི་གྲྭ་བཙུན་གྱིས་བརྗོད་བྱ་འདིའི་སྐོར་ལ་དགོངས་འགྲེལ་བྱས་ཡོད་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་རིག་གཞུང་ཞིབ་འཇུག་གི་ལས་ཁུངས་ཤིག་ཡིན་པའི་ཆ་ནས་འདིའི་སྐོར་གྱི་ཞིབ་འཇུག་གི་འབྲས་བུ་མི་དམན་པ་ཞིག་བླངས་ཡོད་དེ། ད་ལོའི་ཟླ་དྲུག་པའི་ནང་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ཚོད་ལྟའི་དེབ)》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། ཟླ་10པར་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》(དེབ་དང་པོ་པར་སྐྲུན་བྱས་ཡོད་པ་དང་། མིག་སྔར་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་་་་་

ཚོད་ལྟའི་དེབ)》ཀྱི་བོད་འགྱུར་མ་དེ་པར་སྐྲུན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད།

གསུམ།  བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་ཉམས་མྱོང་གསར་བ་སྤྱི་བསྡོམས་བྱས་པ། བསམ་བློ་བརྗེ་རེས་དང་དཔྱད་གླེང་གནང་བ་བརྒྱུད་ནས་ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་ཐེངས་སྔོན་མ་ནས་ད་ལྟའི་བར་གྱི་ཉམས་མྱོང་ལེགས་པོ་ནན་ཏན་གྱིས་སྤྱི་བསྡོམས་གནང་ཡོད་དེ། དཔེར་ན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལས་ཀ་ཡག་པོར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་བྱེད་པ་ནི་དགོངས་འགྲེལ་ལས་ཀའི་རྩ་བའི་རྩ་དོན་ཡིན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་དགོངས་འགྲེལ་ལས་ཀའི་ཁྲོད་ནུས་པ་གང་ལེགས་འདོན་པ་ནི་དགོངས་འགྲེལ་ཡག་པོ་བྱ་བའི་གནད་འགག་ཡིན་པ། སྔོན་ལ་གཙོ་གནད་འཛིན་པ་དང་དེ་ནས་ཁྱོན་ཡོངས་འཛིན་པའི་དགོངས་འགྲེལ་གྱི་རིགས་ལམ་ནི་དགོངས་འགྲེལ་གང་ལེགས་ཀྱིས་སྒྲུབ་པའི་ཐབས་ལམ་གལ་ཆེན་ཡིན་པ། རིག་གཞུང་ཞིབ་འཇུག་དང་ལྷག་པར་བོད་རིག་པ་ཞིབ་འཇུག་ལས་རིགས་ཀྱི་རོགས་འདེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་ནི་དགོངས་འགྲེལ་གང་ལེགས་ཀྱིས་སྒྲུབ་པའི་ནུས་པ་གལ་ཆེན་ཡིན་པ་བཅས་སོ།།

 བཞི། བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་སྐོར་གྱི་རྗེས་ཕྱོགས་ཀྱི་ལས་ཀར་ཇུས་འགོད་ནན་ཏན་བྱས་པ། ཚོགས་འདུའི་ཐོག་བསམ་བློ་བརྗེ་རེས་དང་དཔྱད་གླེང་གནང་བ་བརྒྱུད་ནས་ནང་བསྟན་དགོངས་འགྲེལ་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དུ་གཏོང་བ་དང་ལག་ལེན་དུ་བསྟར་བ་དང་། རྗེས་ཕྱོགས་ཀྱི་ལས་ཀ་ཇི་ལྟར་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་དུ་བསམ་ཚུལ་བཏོན་ཡོད་པ་སྟེ། གོམ་གང་མདུན་སྤོས་ཀྱིས་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགོངས་འགྲེལ་ལས་ཀ་གང་ལེགས་ཀྱིས་བསྒྲུབས་ཏེ་སློབ་གླིང་དང་དགོན་པའི་དབར་འབྲེལ་བ་མང་ཞིང་སློབ་གླིང་ནས་ཐོན་པའི་སློབ་མའི་སྤུས་ཚད་མཐོ་བ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་སློབ་གླིང་གིས་དགོན་པའི་སྣེ་ཁྲིད་དེ། གོམ་གང་མདུན་སྤོས་ཀྱིས་དགོངས་འགྲེལ་ལས་ཀར་སྐུལ་འདེད་གཏོང་དགོས། གོམ་གང་མདུན་སྤོས་ཀྱིས་དགོན་པ་གཙོ་བོ་དག་གི་དགོངས་འགྲེལ་ལས་ཀ་ལེགས་སྒྲུབ་བྱས་པ་བརྒྱུད་བོད་ཁམས་ཡོངས་ཀྱི་དགོན་པ་ཚང་མའི་ནང་དུ་དགོངས་འགྲེལ་ལས་ཀ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། གོམ་གང་མདུན་སྤོས་ཀྱིས་རིག་གཞུང་ཞིབ་འཇུག་མཁས་པ་དག་གི་ཞིབ་འཇུག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་དགོངས་འགྲེལ་རྒྱག་པར་རོགས་འདེགས་བྱེད་པ། བོད་བརྒྱུད་ནང་བསྟན་ལས་རིགས་དང་ལྷག་པར་དུ་མཁས་བཙུན་དམ་པ་རྣམས་ཀྱི་སྤྲོ་སེམས་འདོན་སྤེལ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་ཁོང་རྣམ་པས་དགོངས་འགྲེལ་ལས་ཀའི་ནང་འགོ་ཁྲིད་ཀྱི་ནུས་པ་འདོན་པར་བྱེད་དགོས། གོམ་གང་མདུན་སྤོས་ཀྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འགན་ཁུར་གྱི་འདུ་ཤེས་ལ་འབོད་སྐུལ་བྱས་ནས། ཀུན་གྱིས་དཔུང་བ་གཅིག་སྒྲིལ་གྱིས་ཐུན་མོང་གིས་འཕེལ་རྒྱས་འབྱུང་བར་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ལ་གྲུབ་འབྲས་འོད་སྟོང་འབར་བ་ལེན་པར་བརྩོན་ལེན་བྱ་དགོས་སོ།།

     

 ལྷ་བྱམས་རྒྱལ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101