中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
༄༅།།ཙ་ཀ་ལིའི་འགྲེམ་སྟོན་དང་འཆད་ཁྲིད་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་སྤེལ།

  

  2016ལོའི་ཟླ་༨པའི་ཚེ་2ནས་4བར། ཙ་ཀ་ལིའི་འཆད་ཁྲིད་དང་འགྲེམ་སྟོན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཐོག་བརྩེཊ་གཉིས་པའི་ཚོགས་ཁང་ནུབ་མར་སྤེལ་ སྐུ་ཞབས་ ཀྲང་ཞའོ་ཝུའེ་ཡིས་ཐང་ག་དང་ཚ་ཚ། ཙ་ཀ་ལི་སོགས་ལ་ཞིབ་འཇུག་གནང་ཕྱིར་སྔ་རྗེས་སུ་ལྷ་ས་དང་གཞིས་རྩེ། མངའ་རིས། ལྷོ་ཁ། ཀོང་པོ།  སེ་ཁྲོན་དཀར་མཛེས།  རྔ་པ། ནང་སོག།  ཡུན་ནན་ལི་ཅང་སོགས་ལ་དངོས་ཞུགས་བརྟག་དཔྱད་དུ་བསྐྱོད་ནས་ཙ་ཀ་ལིའི་རི་མོ་སྟོང་ཕྲག་འགའ་སྲུང་སྐྱོབ་དང་ཉར་ཚགས་གནང་ཁོང་གིས་འཆད་ཁྲིད་ཐོག་གསུང་དོན།

  ཙ་ཀ་ལི་ནི་ལེགས་སྦྱར་སྐད་ལས་ཟུར་ཆགས་ཤིང་། མིང་གཞན་ལ་ཙ་ཀ་ལིའམ་ཚ་ཁ་ལི་ཡང་ཟེར། དེ་ནི་ནང་པའི་ཆོས་དང་བོན་ཆོས་གཉིས་ཀྱི་དབང་སྐུར་དང་མཆོད་པ། ལྷ་སྲུང་། ལུས་སྲུང་། གནམ་རིག་སྐར་རྩིས། མོ་ལུང་། གཟུངས་འབུལ། སྔགས་སྒྲུབ་སོགས་ཆོས་ལུགས་ཀྱི་ཆོ་ག་ལ་མཁོ་བའི་རི་མོ་ཆུང་ངུ་ཅན་གྱི་རིགས་ཀྱི་མིང་དང་དེ་ལ་སོག་པོའི་སྐད་དུ་ཛོ་ལོ་ཁེ་ཞེས་འབོད་ཅིང་དེའི་དོན་ནི་བྱང་བུ་ཆུང་ངུའི་སྟེང་དུ་བྲིས་པའི་རི་མོ་ཞེས་ཟེར་བ་དང་བསྡུས་མིང་ལ་བྱང་བུ་ཆུང་ངུའི་རི་མོ་ཟེར། སོག་པོའི་མི་རིགས་བོད་བརྒྱུད་ནང་བསྟན་ལ་དད་པའི་ཡོད་པའི་རྒྱུ་མཚན་གྱིས་བྱང་བུ་ཆུང་ངུའི་རི་མོའི་བྱེད་ནུས་ཙ་ཀ་ལི་དང་མཚུངས་ཞེས་བརྗོད་ཆོག།

   ན་ཞིའིམ་འཇང་པའི་སྐད་ལ་ཙེ་ག་ལེ་ཞེས་དོན་ལ་ཤོག་བྱང་རི་མོ་ཟེར། དབང་སྐུར་ཆོ་གའི་ནུས་པ་ཕུད་སྟོན་པའི་ཆོས་ཀྱི་ཙེ་ག་ལེའི་ཁྱད་ཆོས་དེ་བོད་བརྒྱུད་ནང་བསྟན་གྱི་ཁྱད་ནུས་དང་གཅིག་མཚུངས་ཡིན་པ་མ་ཟད་རི་མོའི་མ་དེབ་དེ་མི་རབས་ནས་མི་རབས་བར་དུ་བརྒྱུད་ཡོད།

   ཙ་ཀ་ལི་དུས་ནམ་ཙམ་ལ་དར་བ་གཏན་འཁེལ་བྱེད་ཐབས་བྲལ་ཡང་དངོས་ཡོད་ཀྱི་ཡིག་ཚགས་ལ་བརྟག་ན། བོན་ཆོས་དར་བའི་དུས་སྐབས་ལ་ཙ་ཀ་ལི་དར་ཡོད་ཟེར་ན་ཆོག། ཙ་ཀ་ལའི་བཟོ་དབྱིབས་ཕལ་ཆེ་བ་ནི་གྲུ་བཞི་ནར་མོ་བ་དང་སྣ་རིང་ཅན་ཡིན་ཞིང་། རིང་ཚད་ལ་ལིའི་རྨིད་བཅུའི་གཡས་གཡོན་དང་། མང་ཆེ་བ་མདུན་ངོས་ལ་རི་མོ་དང་རྒྱབ་ངོས་ལ་བོད་ཡིག་ཡོད། བརྩམས་ཆོས་ནང་དོན་ཕལ་ཆེ་བ་བམ་རིམ་རྣམ་པ་ལྟར་ཡིན་ཞིང་། བམ་པོ་གཅིག་ལ་རི་མོ་བཅུ་ཕྲག་ནས་བརྒྱ་ཕྲག་འགའ་ཡི་བར་ཡོད། ཙ་ཀ་ལིར་བོད་བརྒྱུད་ནང་བསྟན་གྱི་ནང་དོན་ཕུན་སུམ་ཚོགས་པས་གང་དེ་ཡིག་རིས་སྦྲགས་མའི་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་ཀུན་བཏུས་ཆེན་མོ་ཞིག་ཡིན་ཟེར་ནའང་ཆོག་ཅིང་། དེ་ལ་རིག་གཞུང་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

   ཙ་ཀ་ལིར་འབུར་དུ་ཐོན་པའི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་ཡོད་པ་སྟེ། ཁྱད་ཆོས་དང་པོ་ནི། སྐུ་རྟེན་གྱི་དབྱིབས་ཆུང་ཡང་སྐུ་རྟེན་བཞེངས་སྟངས་༼ལྷ་སྐུའི་ཕྱག་ཚད་༽ཀྱི་བསྟན་བཅོས་ལ་ཁུངས་གཏུགས་དགོས་པ། གཉིས་པ། བརྩམས་ཆོས་ཕལ་ཆེ་བ་དགེ་འདུན་གྱི་ཕྱག་བཟོ་ལས་བྱུང་བས་རྔམ་བརྗིད་ཀྱི་ཉམས་དང་ལྡན་པ། གསུམ་པ། རི་མོའི་ནང་དོན་ལ་༼ལྷ་སྐུའི་ཕྱག་ཚད་༽ཀྱི་ནང་དོན་ཕུད་བརྩམས་ཆོས་སོ་སོའི་སྒྱུ་རྩལ་གྱི་མཚོན་སྟངས་ལ་ཀུན་རྟོགས་ཀྱི་ནུས་པ་ཁྱད་འཕགས་ལྡན། ད་དུང་ཙ་ཀ་ལིའི་སྐུ་རྟེན་བཞེངས་སྟངས་ལ་ཐང་གའི་བཞེངས་སྟངས་ཀྱི་ཐབས་རྩལ་དང་ ལྡན་ལ་རང་ངོས་ཀྱི་ཐིག་ལམ་ཐུན་མིན་ལྡན་པས་གངས་ཅན་བོད་པའི་གཤིས་ཀ་དང་མཛེས་རྟོགས་རིག་པའི་རིན་ཐང་ཚད་མཐོ་པོ་ཡོད་པ་མཚོན་ཐུབ།

   དེས་ན། ཙ་ཀ་ལི་ནི་བོད་བརྒྱུད་ནང་བསྟན་འཕེལ་འགྱུར་དང་དར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་ལྡན་པ་མ་ཟད། ལྷག་པར་དུ་ནང་བསྟན་དབང་སྐུར་ཆོ་གའི་ཁྲོད་མེད་དུ་མེད་རུང་བའི་ཆོས་རྫས་ཤིག་ཡིན་པས་བོད་བརྒྱུད་ནང་བསྟན་རིག་གནས་རྒྱུད་འཛིན་གྱི་མ་ལག་ཆེན་པོ་ཞིག་ཏུ་འགྱུར་ཡོད།

   ད་ཐེངས་ཀྱི་ཙ་ཀ་ལིའི་འགྲེམ་སྟོན་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པའི་གལ་ཆེའི་རིག་གཞུང་བྱེད་སྒོ་ཡིན་པའི་ཆ་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་དབང་རྣམས་ཀྱི་དོ་འཁུར་ཚད་མེད་ཐོབ་བོ།།

                                                                                                                (རྩོམ་སྒྲིག་འགན་འཁུར་པ།  བསྟན་འཛོན་ནོར་བུ།)

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101