中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
བོད་རིག་པ་མཁས་དབང་རྣམ་པའི་ཚོགས་ཆེན་གཏམ་བཤད་གནད་བསྡུས།


༡.ཁྲིམས་ཀྱིས་སྐྱོང་པ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་གསར་གཏོད་ཀྱི་རྩ་དོན་ཡིན།

ཀྲུ་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལན་ཤང་མིན་གྱི་ཁྲིམས་ཀྱིས་སྐྱོང་པ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་གསར་གཏོད་ཀྱི་རྩ་དོན་སྐོར་གྱི་ཚོགས་འདུའུ་གཏམ་བཤདགནད་བསྡུས།།

  བོད་ལྗོངས་ཁྲིམས་ཀྱིས་སྐྱོང་པ་ནི་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་པའི་རྩ་བའི་འཐབ་ཇུས་ཀྱི་མཚོན་སྟངས་ཤིག་རེད།༢༠༡༥ལོའི་ཟླ་༨པར་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་སྐབས་དྲུག་པ་བསྡུས་ལ།ཐེངས་དང་པོར་འཐུས་ཚང་བའི་ཏང་གི་བོད་སྐྱོང་འཐབ་ལམ་བཏོན།དེས་གསལ་པོར་བསྟན་དོན།ཁྲིམས་ཀྱིས་བོད་ལྗོངས་སྐྱོང་བ་དང་ཡུན་རིང་པོར་བོད་ལྗོངས་འཛུགས་སྐྲུན་བྱ་བ།མི་སེམས་གཅིག་སྡུད་དང་རྨང་གཞི་བརྟན་པོར་གཏོང་བ་བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཀྲུང་དབྱང་གིས་བཏོན་པའི་བོད་ལྗོངས་ལས་དོན་གྱི་རྩ་དོན་གཙོ་བོ་ཡིན།བོད་ལྗོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་རྒྱལ་ཁབ་དང་བོད་ལྗོངས་དོ་དམ་གནང་བའི་དབང་ཆ་བེད་སྤྱོད་གནང་པར་ཕྱོགས་སྟོན་མཛད།

 ཁྲིམས་ལྟར་བོད་སྐྱོང་བ་དེ་ཉིད་བོད་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་གསར་གཏོད་ཁྲོད་དུ་དོན་འཁྱོལ་བྱ་ཐུབ་པ།ལན་ཤང་མིན་གྱིས་གསུང་པར་སྤྱི་ཚོགས་དོ་དམ་གསར་གཏོད་ནི་ད་ཡོད་ཀྱི་སྤྱི་ཚོགས་དོ་དམ་ལམ་སྲོལ་གྱི་རྨང་གཞིའི་ཐོག་ཏུ།གསར་དུ་སྤྱི་ཚོགས་ཀྱི་དངོས་ཡོད་དང་ཕྱིས་འབྱུང་གི་འཕེལ་རྒྱས་ལ་འཚམ་པའི་དོ་དམ་ལམ་སྲོལ་དང་ལམ་ལུགས་བཟོ་བར་བརྗོད་ལ།དེའི་ནང་དོན་ཁྲོད་དུ་སྤྱི་ཚོགས་ཀྱི་སྤྱོད་ལུགས་ཚད་ལྡན་དུ་བཟོ་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་པ།སྤྱི་ཚོགས་འགན་བཅོལ་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་ཞབས་ཞུ་ལེགས་པོར་སྒྲུབ་པ།སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་། སྤྱི་ཚོགས་ཀྱི་ཉེན་ཁ་ཞི་བར་བྱེད་པ།སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་སོགས་ཚུད་ཡོད་པ་རེད།བོད་ལྗོངས་ཀྱིས་སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་དབྱང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་།འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ཐག་གཅོད་རྒྱུ་གཙོ་གནད་དུ་བཟུང་སྟེ།ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགལ་བ་ཁག་ཐག་གཅོད་དགོས་པ་དང་།ཁྲིམས་ལྟར་བོད་སྐྱོང་དེ་སྤྱི་ཚོགས་དོ་དམ་གསར་གཏོད་ཀྱི་སྔ་ཕྱི་བར་གསུམ་དུ་ཁྱབ་པར་བྱས་ཁར།རྒྱུན་ཆད་མེད་པར་སྤྱི་ཚོགས་བཅོས་སྐྱོང་གི་ལམ་སྲོལ་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ།དེ་བཞིན་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ།ཁྲིམས་སྐྱོང་གི་འདུ་ཤེས་དང་བྱ་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་དགོས།བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་དོ་དམ་ཁྲོད་དུ་ཁྲིམས་ཀྱིས་སྐྱོང་པ་རྒྱུན་འཛིན་བྱས་པས།ད་ལྟའི་བར་དུ་གྲུབ་འབྲས་མང་པོ་ཐོབ།

ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་ཐབས་ཇུས་ཀྱིས་མཚོན་སྟངས་ཡིན་ལ།བོད་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ལམ་ལུགས་གསར་གཏོད་ཁྲོད་དུ་ལག་བསྟར་གནང་དགོས།དེས་བོད་ལྗོངས་ཀྱི་རྒྱུན་རིང་གི་འཕེལ་རྒྱས་དང་ཡུན་རིང་བརྟན་བརླིང་ཡོང་བར་ངེས་པར་ཁག་ཐེག་བྱ་ཐུབ།།

 ༢.ཏུན་ཧོང་བོད་ཡིག་ཆོས་གཞུང་ནང་གི་འགོས་ཆོས་གྲུབ་ཀྱིས་དབུ་འཛིན་པའི་ཡིག་མཁན་དང་ཞུས་དག་པའི་མིང་བྱང་ཁག་གཅིག་ལ་དཔྱད་པའི་གནད་བསྡུས།

སི་ཁྲོན་སློབ་ཆེན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་གྱི་འཆད་ཁྲིད་དགེ་རྒན་ཆེན་མོ་པ་སངས་དབང་འདུས་ཀྱི་ཚོགས་འདུའུ་གཏམ་བཤད་གནད་བསྡུས།

དུས་རབས་དགུ་པའི་སྔ་དུས་སུ་སྤུ་རྒྱལ་བོད་ཀྱིས་ཏུན་ཧོང་དབང་འཛིན་བྱེད་པའི་སྐབས་བཙན་པོ་དང་དབང་བསྒྱུར་བའི་དགེ་རྩ་སྒྲུབ་ཆེད་ས་གནས་དེ་གའི་མི་ཕོན་ཆེ་སྐུལ་སློང་བྱས་ཏེ་གཞི་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕལ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཚེ་དཔགས་མེད་པའི་མདོ་ལ་སོགས་པའི་ཆོས་གཞུང་བཤུས་བྲིས་ཀྱི་ལས་འགུལ་ཞིག་སྤེལ་ནས་མཆིས།དེང་གི་ཆར་ཆོས་གཞུང་དེ་རིགས་ལ་ཏུན་ཧོང་བོད་ཡིག་ཆོས་གཞུང་ཞེས་ཟེར།  ༡༩༠༠ལོར་ཏུན་ཧོང་ཆོས་དཔེ་བྲག་ཕུག་ཞེས་པ་དེ་རྙེད་རྗེས་དེའི་ནང་གི་རྩ་ཆེའི་ཆོས་དཔེ་ཁག་གཅིག་ཕྱི་ལ་གྱར་ཏེ་ད་ལྟ་དབྱིན་ཇིའི་དཔེ་མཛོད་ཁང་དང་།ཨུ་རུ་སུའི་ཞིབ་འཇུགལས་ཁུངས་སུ་ཉར་ཚགས་བྱས་ཡོད།  འབྲེལ་ཡོད་ཡིག་ཆར་གཞིགས་ན།  རྒྱལ་ནང་དུ་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་དང་།  ཏུན་ཧོང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་སོགས་ལ་ཡང་ཆོས་གཞུང་དེ་རིགས་གཅིག་མཚུངས་ཡིན་པ་བདག་གཉེར་བྱས་པ་ཡོད།  དོ་སྣང་བྱེད་དགོས་པ་གཅིག་ལ། གཅིག་ནས་བོད་ཡིག་ཆོས་གཞུང་དེ་དག་གི་ཆོས་དཔེའི་འཇུག་གམ་བམ་པོ་རེ་རེ་རྫོགས་མཚམས་ལ་ཡིག་མཁན་དང་ཞུ་དག་པའི་མིང་བཀོད་ཡོད་པ་དེ་རིགས་ཡིན།  དཔེར་ན། ཕབ་བཟང་གིས་བྲིས།  ཤང་བེན་གྱིས་ཞུས།  སེང་གེས་གཉིས་ཞུས།  རྡོ་རྗེ་མཛོད་ཀྱིས་གསུམ་ཞུས།  ཆོས་གྲུབ་ཀྱིས་བཞི་ཞུས་ལྟ་བུ་དང་།  གཉིས་ནས་ཡིག་མཁན་དང་ཞུ་དག་པ་མི་ཉུང་བ་ཞིག་ནི་ཏུན་ཧོང་ཕྱོགས་ཀྱི་སྐྱ་སེར་ཅི་རིགས་ཡིན་པའི་རྒྱ་མི་རིགས་ཡིན་འདུག་སྟེ།  ཁོ་པ་ཚོ་དང་བོད་མི་མཉམ་བསྲེས་ཀྱིས་མི་བཞི་ཡང་ན་མི་ལྔ་རེས་ཆོས་གཞུང་བཤུས་བྲིས་ཀྱི་ཚོགས་པ་ཆུང་ངུ་རེ་གྲུབ་ཡོད་པས་དེ་ལ་ཡིག་མཁན་གཅིག་དང་ཞུ་དག་པ་མི་གསུམ་སམ་ཡང་ན་བཞི་ཡོད་དོ།། 

 ༣. ལོ་རྒྱུས་ཀྱི་གཏན་སྲོལ། དད་ལྡན་གྱི་བརྩི་སྲུང་། 

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་གི་འགན་འཛིན་པ་ཀྲའུ་ཝེ་ཡིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་སྐོར་གྱི་ཚོགས་འདུའུ་གཏམ་བཤད་གནད་བསྡུས།

ཀྲུང་གོའི་ལོ་རྒྱུས་ཐོག་དུས་རབས་༡༣ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ས་ཁུལ་དུ་དངོས་སུ་ནུས་ལྡན་གྱི་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཏུ་སླེབས་པ་དང་བོད་ལྗོངས་ས་ཁུལ་ནི་ཀྲུང་གོའི་སྲིད་འཛིན་མངའ་ཁོངས་ཤིག་ཡིན་པས་ཡོན་ནས་མི་སེར་རྒྱལ་ཁབ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་པའི་ཀྲུང་དབྱང་སྲིད་དབང་རིམ་བྱུང་གིས་བོད་ཀྱི་སྤྱི་ཚོགས་ཕྱོགས་ཁག་རང་ཉིད་ཀྱི་སྲིད་འཛིན་དོ་དམ་གྱི་ཁོངས་སུ་བཅུག་ཅིང་།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་དེ་གཙོ་གནད་དུ་བཟུང་སྟེ་བླ་སྤྲུལ་སོགས་པའི་མཚན་སྙན་མཐོ་བའི་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་ནི་དོ་དམ་བྱ་ཡུལ་གཙོ་བོ་དེ་ཡིན་པ་དང་དོ་དམ་བྱེད་ཐབས་འདི་རིགས་ཆིང་སྲིད་གཞུང་གི་དུས་སུ་འཐུས་ཚང་བྱུང་བ་དང་།མི་སེར་རྒྱལ་ཁབ་ཀྱི་དུས་སུ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་ཞིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་སྔར་བས་ཁྲིམས་ལུགས་ལམ་སྲོལ་ཅན་དུ་གྱུར་ཏེ་ཚད་ལྡན་གྱི་མ་ལག་ཚང་བའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་སུ་ཆགས་ཤིང་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་སོགས་པའི་བླ་སྤྲུལ་ཆེ་གྲས་དག་གིས་བརྩི་བཀུར་གནང་དགོས་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་གྲུབ་མཐའ་ཁག་དང་དད་ལྡན་དམངས་ཀྱིས་བརྩི་བཀུར་ཞུ་དགོས་པ་ཚུད་ཡོད་ཞེས་གསུང་། 

དེ་ནས་ཞིབ་འཇུག་པ་ཀྲའུ་ཝེ་ཡིས་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་འབྱུང་རྐྱེན་དང་གསེར་འབུམ་དཀྲུག་སྲོལ་ལོ་རྒྱུས་ཀྱི་གཏན་སྲོལ་ཆགས་པའི་སྐོར་ལ་རྒྱས་བཤད་གནང་།ཁོང་གིས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ནི་བོད་ཀྱི་སྲིད་རྙིང་པའི་སྤྱི་ཚོགས་ཁྲོད་བྱུང་བའི་ཆོས་ལུགས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པ་རེད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལམ་ལུགས་དེ་ཉིད་གསར་དུ་བྱུང་བ་དང་། དེའི་འགྱུར་བ།འཕེལ་རྒྱས་སོགས་པའི་བརྒྱུད་རིམ་རྒྱུད་ཡོད། དུས་རབས་༡༣གྱི་དུས་མཇུག་སྟེ་སྤྱི་༡༢༨༣ལོར་བོད་ཀྱི་སྤྲུལ་སྐུ་ཐོག་མ་བཀའ་བརྒྱུད་ལས་བྱུང་བ་ནས་ཧྲུན་ཀྲི་ཁྲི་ལོ་བཅུ་པར་༼སྤྱི་ལོ༡༦༥༣ལོར་༽ཧྲུན་ཀྲི་གོང་མས་རྒྱལ་དབང་ལྔ་པ་མཆོག་ལ་ནུབ་ཕྱོགས་ཀྱི་ཕུལ་དུ་བྱུང་བ་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་གསེར་ཐམ་འཇའ་ས་ཕུལ་བ་དང་། ཁང་ཤིས་ཁྲི་ལོ་ང་གཉིས་པར་༼སྤྱི་ལོ་༡༧༡༣ལོར་༽ཁང་ཤིས་གོང་མས་པཎ་ཆེན་སྐུ་ཕྲེང་ལྔ་པ་མཆོག་ལ་པཎ་ཆེན་ཨེར་ཏི་ནིཡི་གསེར་ཐམ་འཇའ་ས་ཕུལ་ཏེ་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ངོས་འཛིན་ལ་ཀྲུང་དབྱང་སྲིད་གཞུང་གིས་ཁས་ལེན་ཐོབ་ཅིང་།ཆོས་ལུགས་དང་ཆབ་སྲིད། ཁྲིམས་ལུགས་ཅི་ཐད་ནས་ལུགས་མཐུན་གྱི་གནས་བབས་བྱུང་ཞིང་། དེ་ནས་བཟུང་སྤྲུལ་སྐུ་འདི་གཉིས་ལ་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་འཇའ་ས་སྤྲོད་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དུ་ཆགས་པ་རེད།སྤྱི་ལོ་༡༧༩༣ལོར་ཆིང་ཆན་ལུང་གིས་མོ་ལུང་གི་ཚབས་ཆེའི་ཞན་ཆར་གཞིགས་ཏེ་གཏན་འབེབས་བྱས་པའི་དོན་ཚན་ཉེར་དགུ་ཞེས་པའི་དོན་ཚན་དང་པོར་རྐང་གཏད་དེ་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་ཐད་ཀྱི་ལས་དོན་ཐག་གཅོད་བྱེད་པའི་གསེར་བུམ་དཀྲུག་པའི་ལམ་ལུགས་བཟོས་པ་སྟེ།གོང་མ་ཆེན་མོས་གསེར་བུམ་ཆེད་དམིགས་ཀྱི་གནང་བར་དེང་ཕྱིན་ཡང་སྲིད་ངོས་འཛིན་ཐད་རྩོད་རྙོག་བྱུང་ན་འོས་སྤྲུལ་དེ་དག་གི་མཚན་བོད་མན་རྒྱ་གསུམ་གྱི་ཡི་གེར་བཀོད་དེ་གསེར་བུམ་དུ་བཅུག་ནས་ཧུའུ་ཐོག་ཐུ་དང་བོད་སྡོད་ཨམ་བན་བློན་ཆེན་གྱིས་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་གསེར་བུམ་དཀྲུག་སྟེ་འོས་སྤྲུལ་གཏན་འཁེལ་ཞུས་ཏེ་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་ཡི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཀྲུང་དབྱང་སྲིད་གཞུང་གིས་དོ་དམ་བྱེད་ཀྱི་ཡོད་པས་གསེར་བུམ་དཀྲུག་སྲོལ་དེ་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཡིན་པ་རེད།

དེ་ནས་ཁོང་གིས་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་སོགས་པའི་བླ་སྤྲུལ་སྐུ་མྱ་ངན་ལས་འདས་པ་ནས་ཡང་སྲིད་བཙལ་འཚོལ་བར་དུས་ཡུན་རིང་པོའི་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་ཚུད་ཡོད་མོད།དེའི་ནང་ན་ཡང་སྲིད་མྱུར་དུ་ཕེབས་པའི་སྨོན་འདེབས་དང་མོ་ལུང་ཞུ་བའམ་བླ་མཚོ་མཇལ་བ། གསང་སྟབས་ཀྱིས་འཚོལ་བ་བཅས་གསུམ་ནི་ཆེས་གལ་དུ་ཆེ་བའི་ཆོ་ག་ཞིག་ཡིན་པའོ།   ཡང་སྲིད་མྱུར་དུ་ཕེབས་པའི་སྨོན་ལམ་ནི་ཡང་སྲིད་བཙལ་འཚོལ་གྱི་གལ་ཆེའི་ཆོ་ག་ཞིག་ཡིན།མོ་ལུང་ཞུ་བ་དང་བླ་མཚོར་མཚོ་མཇལ་ཞུ་བ་ནི་ཡང་སྲིད་བཙལ་འཚོལ་གྱི་ཆོས་ལུགས་ཆོ་གའི་གལ་ཆེ་གྲས་ཤིག་ཡིན་པ་དང་གསང་སྟབས་ཀྱིས་ཡང་སྲིད་བཙལ་འཚོལ་ཞུ་བ་ནི་ཆེས་གལ་དུ་ཆེ་ལ་ཆེས་དཀའ་ཚེགས་ཅན་ཞིག་ཡིན་ཞེས་གསུང་།

མཇུག་ལ་ཁོང་གིས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་གྲུབ་པ་དང་འཕེལ་རྒྱས་ལོ་ངོ་༧༠༠ལྷག་རིང་གི་ལོ་རྒྱུས་རྒྱུད་ཡོད་པ་དང་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་ལོ་རྒྱུས་ཀྱི་གཏན་སྲོལ་ད་བར་འགྱུར་བ་བྱུང་མྱོང་མེད་ལ་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཡང་སྲིད་ངོས་འཛིན་གྱི་ཆོ་གར་གཡོ་འགུལ་བྱུང་མྱོང་མེད་པ་ཞིག་རེད།ལམ་ལུགས་འདི་ནི་བོད་ཀྱི་སྤྱི་ཚོགས་ཀྱིས་བདམས་པའི་ལོ་རྒྱུས་ཀྱི་གདམ་ཁ་ཞིག་རེད་ལ་བོད་བརྒྱུད་ནང་བསྟན་གྱིས་བདམས་པའི་ལོ་རྒྱུས་ཀྱི་གདམ་ཁ་ཞིག་ཀྱང་རེད།སྒོས་སུ་རྒྱ་ཆེ་སྐྱ་སེར་དམངས་ཀྱི་བདམས་པའི་ལོ་རྒྱུས་ཀྱི་གདམ་ཁ་ཞིག་རེད། གནའ་དེང་གི་ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་གནད་དོན་དེར་ཆོས་བརྒྱུད་གྲུབ་མཐའ་ཁག་གིས་ཚད་ལས་བརྒལ་མི་སྲིད་ལ་ཡང་སྲིད་མ་ལག་དེ་ཡང་ཚད་རིམ་གཞན་ཞིག་ཏུ་བརྒལ་མི་སྲིད་པའོ་ཞེས་གསུང་ངོ་།།

 ༤. དབྱིན་ཉར་ཏུན་ཧོང་ཡིག་ཚགས་S.5603པ་འཕགས་པ་ལང་ཀར་གཤེགས་པའི་མདོའི་འགྲེལ་ཆེན་ཁྲོད་ཀྱི་

མཚལ་བྲིས་བོད་ཡིག་དང་འབྲེལ་བའི་གནད་དོན་ཁ་ཤས་ལ་དཔྱད་པ།།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡིག་ཆ་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཚེ་རིང་གི་དབྱིན་ཉར་ཏུན་ཧོང་ཡིག་ཚགས་S.5603པ་འཕགས་པ་ལང་ཀར་གཤེགས་པའི་མདོའི་འགྲེལ་ཆེན་ཁྲོད་ཀྱི་མཚལ་བྲིས་བོད་ཡིག་དང་འབྲེལ་བའི་གནད་དོན་ཁ་ཤས་ཞེས་པའི་ཚོགས་འདུའུ་གཏམ་བཤད་གནད་བསྡུས།

དབྱིན་ཉར་ཏུན་ཧོང་རྒྱ་ཡིག་ཡིག་ཚགས་ཨང་རྟགས་S.5603ཅན་ནི་ཐང་རྒྱལ་རབས་དུས་ཀྱི་རྒྱའི་སློབ་དཔོན་ཝེན་ཧྭེ་ཡིས་བརྩམས་པའི་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་རྒྱ་ཆེར་འགྲེལ་པ་ལག་བྲིས་མ་ཞིག་ཡིན་ལ།བམ་པོ་དང་པོ་དང་། གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ་བཅས་བཞུགས།  འགྲེལ་ཆེན་འདི་ནི་ཏུན་ཧོང་ཡིག་ཚགས་མ་གཏོགས་གཞན་ཡིག་ཚགས་གང་དུའང་ཉར་ཚགས་བྱས་མེད།ད་དུང་། ཧྥ་རན་སིར་ཉར་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་P.T.609་པའང་འགྲེལ་ཆེན་འདིའི་ལག་བྲིས་རིགས་ཤིག་ཡིན་མོད། ཤོག་ངོས་གཅིག་ལས་མེད།ཉི་ཧོང་བ་ཁཱ་བ་ངུ་ཆེ་འད་ན་ཡེ་ལགས་ཀྱིས་ཐོག་མར་ཡིག་ཚགས་འདི་རིགས་ལ་དཔྱད་ཞིབ་བྱས་ནས་འགོས་ཆོས་གྲུབ་ཀྱིས་འགྱུར་ཡིན་པར་རིགས་འདེད་བྱས་ཡོད།དཔྱད་རྩོམ་འདིར་དབྱིན་ཉར་S.5603སྟེང་གི་མཚལ་བྲིས་བོད་ཡིག་དང་དེ་འབྲེལ་གྱི་ལང་ཀར་གཤེགས་པའི་མདོའི་འགྲེལ་ཆེན་བོད་འགྱུར་སྐོར་གྱི་གནད་དོན་ཁ་ཤས་ལ་གཏིང་ཟབ་མོས་ཞིབ་འཇུག་བྱེད་རྒྱུ་ཡིན།

དང་པོ། དབྱིན་ཉར་S.5603པའི་བྲིས་གཟུགས་ཁྱད་ཆོས།

དབྱིན་ཉར་S.5603པའི་བྲིས་གཟུགས་ལ་ཁྱད་ཆོས་མང་དུ་ཡོད་དེ།རྒྱ་ཡིག་གི་ཚིག་མང་པོའི་ཐད་དུ་དེའི་ནང་དོན་བོད་ཡིག་ལ་བསྒྱུར་ནས་བྲིས་ཡོད་ལ།མ་གཞིའི་རྒྱ་ཡིག་ནི་སྣག་བྲིས་དང་བོད་འགྱུར་ནི་མཚལ་བྲིས་ཡིན་པ་ལས་གཞན། ད་དུང་མཚལ་དམར་པོས་རྟགས་ཁ་ཤས་བཏབ་ཡོད་དེ།དཔེར་ན་རྟགས་འམ་དང་། དམར་ཐིག་ལྟ་བུའོ། །དེ་དག་ལས་རྟགས་འདིས་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ཞེས་པ་ལས་དྲངས་པའི་མདོ་ཚིག་བསྟན་ཡོད་པ་དང་།རྟགས་འདིས་དེའི་འགྲེལ་བའི་ཚིག་བསྟན་ཡོད་པས་མདོ་དང་འགྲེལ་བའི་ཆ་སོ་སོར་ཕྱེ་ཡོད།ད་དུང་རྟགས་འདིས་གོང་དུ་མཚོན་སེར་པོས་བོད་ཡིག་གསལ་བྱེད་རེ་རེ་བྲིས་ཡོད་ལ།དེ་ཡིས་མདོ་ཚིག་གི་གོ་རིམ་གསལ་བོར་མཚོན་འདུགམདོ་ཚིག་སོ་སོའི་ཐད་དུ་གང་དེའི་ཚིག་དོན་བོད་ཡིག་ལ་བསྒྱུར་ནས་མཚལ་གྱིས་བྲིས་ཡོད་པ་༼མདོ་ཚིག་རེ་གཉིས་བསྒྱུར་མེད།༽མ་གཏོགས་འགྲེལ་བའི་ཚིག་བོད་ཡིག་ལ་བསྒྱུར་མེད།དམར་ཐིག་ནི་མདོ་འགྲེལ་གྱི་ཚིག་ལས་དང་པོ་དང་གཉིས་པ་ལྟ་བུའི་གྲངས་རིམ་ཅན་གྱི་ཚིག་མགོར་བཏབ་ཡོད་པས་དེ་ཡིས་མདོ་འགྲེལ་གྱི་གོ་རིམ་མཚོན་པ་ཤེས་ཐུབ།མཚལ་བྲིས་ཀྱི་རྟགས་འདེབས་པ་པོ་དང་མདོའི་ཚིག་བོད་ཡིག་ལ་སྒྱུར་པ་པོ་ནི་མི་གཅིག་ཡིན་པར་སེམས་ལ།མི་དེ་ནི་རྒྱ་བོད་སྐད་རིགས་གཉིས་ནང་བྱན་ཆུད་པ་ཞིག་ཡིན་ངེས་ཏེ། ཁོང་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོའི་འགྲེལ་ཆེན་ཞིབ་ཏུ་ཀློག་ཞོར་དེའི་ཁྲོད་ཀྱི་མདོ་ཚིག་བོད་ཡིག་ལ་ཕབ་བསྒྱུར་བྱས་པས་སོ།།

གཉིས་པ། S.5603ཁྲོད་ཀྱི་མཚལ་བྲིས་དང་བཀའ་འགྱུར་ཁྲོད་ཀྱི་འགོས་འགྱུར་གཉིས་ཀྱི་ཞིབ་བསྡུར།

འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་རྒྱ་ཆེར་འགྲེལ་པ་ཞེས་པའི་འགྲེལ་གཞི་ནི་རྒྱ་གར་གྱི་པཎ་ཌི་ཏ་གུནབྷདྲ་ཡིས་རྒྱ་ཡིག་ཏུ་བསྒྱུར་པའི་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ་ཞེས་པ་དེ་ཡིན་ལ།པཎ་ཌི་ཏ་གུནབྷདྲ་ཡི་འགྱུར་འདིའི་སྟེང་ནས་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་འགོས་ཆོས་གྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར་པ་རེད༼འགྱུར་འདི་ཏུན་ཧོང་བོད་ཡིག་ཁྲོད་ད་དུང་མ་མཐོང་༽།ཉི་ཧོང་བ་ཁཱ་བ་ངུ་ཆེ་འད་ན་ཡེ་ཡིས་དབྱིན་ཉར་ཡིག་ཚགས་S.5603ཁྲོད་ཀྱི་མཚལ་བྲིས་བོད་འགྱུར་མའི་ཚིགས་བཅད་ཤོ་ལོ་ཀ་གཅིག་དང་འགོས་འགྱུར་བཀའ་འགྱུར་དུ་བཞུགས་པའི་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ་ཡི་ཁྲོད་ཀྱི་འབྲེལ་ཡོད་ནང་དོན་ལ་དཔྱད་བསྡུར་གྱིས་དེ་གཉིས་ཀྱི་ཁྱད་པར་ནི་གནའ་དེང་གི་ཁྱད་པར་ཡིན་པར་བཤད།ཁོ་བོས་མཚལ་བྲིས་བོད་འགྱུར་ཡོད་དོ་ཅོག་དང་བཀའ་འགྱུར་ཁྲོད་ཀྱི་འགོས་འགྱུར་གཉིས་ཞིབ་བསྡུར་བྱས་པ་ཡིན་པས།འགྱུར་དེ་གཉིས་ལ་འདྲ་ས་ཡོད་ལ་ཁྱད་པར་ཀྱང་ཡོད་པ་ཤེས་པ་མ་ཟད།ཁྱད་པར་དེའང་གནའ་དེང་གི་ཁྱད་པར་ཁོ་ན་ཙམ་མ་ཡིན་པ་གསལ་བོར་ཤེས་བྱུང་།ཁྱད་ཆོས་དེ་དག་མདོར་བསྡུས་ན་གཤམ་ལྟར། ༡འགྲེལ་ཆེན་ཁྲོད་ཀྱི་བོད་ཡིག་མ་དེར་བརྡ་རྙིང་མང་དུ་ཡོད་པ་ལས་གཞན།ད་དུང་ཡང་འཇུག་ད་དངོས་སུ་འབྲི་བ་དང་།སྡེ་བ་གཅིག་པའི་ཡི་གེ་དང་པོ་དང་གཉིས་པ་ཕན་ཚུན་བརྗེ་བ།འབྲེལ་སྒྲའི་ཀྱི་དང་གྱི་ཡི་འཇུག་ཡུལ་ལ་ཁྱད་པར་མེད་པ།འབྲེལ་སྒྲའི་ཡིའི་དོད་དུ་འི་འབྲི་བ།རྗེས་འཇུག་གི་འ་དངོས་སུ་འབྲི་བ་སོགས་ཡི་གེ་རྙིང་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད།༢སྒྱུར་ཚུལ་མི་འདྲ་བའི་ཐ་སྙད་ཁ་ཤས་ཡོད།༣ ཚིགས་བཅད་ཁག་ཅིག་གི་ཐ་སྙད་འདྲ་ཡང་།མིང་གི་གོ་རིམ་དང་ཚིག་གི་འགྲོས་མི་འདྲ་བར་སྣང་མོད། འོན་ཀྱང་། ཚིགས་བཅད་ཁག་ཅིག་ནི་ཡོངས་མཚུངས་སུ་སྣང་།༤ འགྱུར་ནོར་རེ་གཉིས་ཡོད་པ་འགྱུར་དེ་གཉིས་སུ་གཅིག་མཚུངས་སུ་འདུག

གསུམ་པ། དབྱིན་ཉར་ITJ.219པ་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་རྒྱ་ཆེར་འགྲེལ་པ་བོད་འགྱུར་མའི་སྐོར།

འགྲེལ་ཆེན་འདིའི་འགྱུར་བྱང་ལས་ཀྱང་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་སྐུལ་ནས་བསྒྱུར་པར་གསུངས་ཡོད་པས།བཀའ་ལ་གཏོགས་པ་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ་དང་བསྟན་བཅོས་ལ་གཏོགས་པ་འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ་རྒྱ་ཆེར་འགྲེལ་བ་གཉིས་ཀ་བཙན་པོའི་བཀའ་ལུང་གིས་རྒྱབ་སྐྱོར་འོག་བོད་ཡིག་ལ་བསྒྱུར་བ་ཡིན་པས་བཀའ་བསྟན་དེ་གཉིས་བོད་འགྱུར་གྱི་ལོ་རྒྱུས་རྒྱབ་ལྗོངས་གལ་ཆེན་དུ་སྣང་ཕྱིར་མུ་མཐུད་དུ་བསམ་བློ་གཏོང་འོས་པ་དང་།ད་དུང་འགྲེལ་ཆེན་འདི་དང་དབྱིན་ཉར་ཏུན་ཧོང་བོད་ཡིག་ཡིག་ཚགས་ལིང་ཀའི་མཁན་པོ་དང་སློང་མའི་མདོ་ཞེས་པ་བོད་དུ་འགྱུར་པ་དང་བོད་དུ་དར་བ།རྒྱ་ནག་བསམ་གཏན་བོད་དུ་དར་བ་དང་འབྲེལ་བ་ཡོད་མེད་མུ་མཐུད་དུ་ཞིབ་དུ་དཔྱོད་འོས།  གཞན་ཡང་།འགྲེལ་ཆེན་བོད་འགྱུར་མ་འདི་ཡང་བསྐྱར་རྒྱ་ཡིག་ལ་ཕྱིར་བསྒྱུར་ཐུབ་པ་དང་། དེ་ལ་S.5603ཡི་ཟུར་བརྒྱན་ན་ཐང་གི་སློབ་དཔོན་ཆེན་མོ་ཝེན་ཧྭེ་ལགས་ཀྱི་བརྩམས་ཆོས་དང་ནང་བསྟན་བསམ་བློ་ལ་ཞིབ་འཇུག་གཏིང་ཟབ་མོ་བྱེད་ཐུབ་པར་འདོད་དོ།།

 ༥.ཧི་མ་ལ་ཡ་དང་ཇོ་མོ་ཚེ་རིང་མཆེད་ལྔ།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་སྔོན་མ་བློ་བཟང་ལྷུན་གྲུབ་རྡོ་རྗེའི་ཧི་མ་ལ་ཡ་དང་ཇོ་མོ་ཚེ་རིང་མཆེད་ལྔའི་སྐོར་གྱི་གཏམ་བཤད་གནད་བསྡུས།

བོད་ཀྱི་ཐུན་མོང་མ་ཡིན་པའི་རི་ཆུའི་རིག་གནས་ཀྱི་ཟུར་ནས་རི་བོ་ཧི་མ་ལ་ཡ་དང་ཇོ་མོ་ཚེ་རིང་མཆེད་ལྔའི་བར་གྱི་འབྲེལ་བ་གཙོ་བོར་བརྗོད་དེ།མདོ་ད་བུས་མཐོ་སྒང་དང་ཧི་མ་ལ་ཡ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེན་རང་བཞིན་དང་དེ་ཉིད་ཇི་ལྟར་སྲུང་སྐྱོབ་བྱ་ཚུལ་བཅས་ཐད་རང་ཉིད་ཀྱི་ལྟ་བ་བཏོན་ཡོད།རི་བོ་ཧི་མ་ལ་ཡ་ནི་འཛམ་གླིང་གི་ཡང་རྩེ་དང་སའི་གོ་ལའི་སྟེང་གི་སྣེ་གླིང་གསུམ་པ་ཡིན་ལ།  དེའི་སྐྱེ་ཁམས་ཀྱི་གོ་གནས་དེ་ཡ་གླིང་ངམ་ཐ་ན་འཛམ་གླིང་ཡོངས་ལ་མཚོན་ནའང་དོན་སྙིང་གལ་ཆེན་ལྡན།  དེ་དང་མཉམ་དུ་དེའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ཤིན་ཏུ་ཞན་ལ་དེའི་མཐའ་འཁོར་གྱི་མི་རྣམས་ཀྱང་ཤིན་ཏུ་དབུལ་པོ་ཡིན་པས་འཛམ་གླིང་ཡོངས་ཀྱིས་ཐུགས་ཁུར་དང་རོགས་རམ་བྱ་དགོས།སྐྱེ་ཁམས་ཁོར་ཡུག་གི་ཐད་ནས་བཤད་ན།  མདོ་དབུས་མཐོ་སྒང་འདི་ཡང་ཁ་བ་རི་བའི་མཐོ་སྒང་ཙམ་དུ་མ་ཟད།  མཐར་གཏུགས་ན་ཡ་གླིང་ངམ་འཛམ་གླིང་ཡོངས་ཀྱི་མདོ་དབུས་མཐོ་སྒང་ཡང་ཡིན། མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡ་ས་ཁུལ་གྱི་སྐྱེ་ཁམས་དང་ཁོར་ཡུག་ལ་ཐུགས་ཁུར་གནང་དགོས་པའི་རྒྱུ་མཚན་ནི་ཐོག་མར་ང་ཚོས་སྐྱེ་ཁམས་ཁྲོད་གནས་པའི་དོན་དངོས་འདིར་ཤེས་རྟོགས་བྱ་དགོས་པ་སྟེ།  སྤྱིར་ང་ཚོས་མདོ་དབུས་མཐོ་སྒང་ལ་ཀྲུང་ཧྭའམ་ཡ་གླིང་གི་ཆུ་མཛོད་ཅེས་འབོད་ཅིང་།  དེས་ཉུང་མཐའ་ཡང་ཡ་གླིང་གི་མི་གྲངས་དུང་ཕྱུར་བཅུ་ལྷག་ལ་བཏུང་ཆུ་མཁོ་སྤྲོད་བྱེད་པ་དང་།  རིག་གནས་དང་དཔལ་ཡོན་གྱི་མ་ལག་མང་པོར་རོགས་འདེགས་བགྱིས་ཡོད།

བོད་མི་རིགས་ཀྱིས་ཧི་མ་ལ་ཡའི་དབུས་རྒྱུད་ཀྱི་ལྷུན་པོ་ལྔ་བོ་དེ་ལ་ཇོ་མོ་ཚེ་རིང་མཆེད་ལྔ་ཞེས་འབོད་ལ། དེ་ལ་ཡང་བྱེ་བྲག་ཏུ་མིང་འབོད་ཚུལ་གསུམ་ཡོད་དེ།  ཇོ་མོ་ཚེ་རིང་མཆེད་ལྔ།  ལྷ་སྨན་ཚེ་རིང་མཆེད་ལྔ།  བཀྲ་ཤིས་ཚེ་རིང་མཆེད་ལྔ་བཅས་ཡིན། དེ་དག་གི་མིང་འབོད་ཚུལ་མི་གཅིག་ཀྱང་མཚོན་བྱ་དང་དམིགས་ཡུལ་གཞི་གཅིག་ལ་བབས་འདུགའཛམ་གླིང་གི་ཆེས་མཐོ་བའི་རི་བོ་སྟེ་ཇོ་མོ་གླང་མ་ནི་ཇོ་མོ་ཚེ་རིང་མཆེད་ལྔའི་ནང་ཚན་གྱི་ཨང་རིམ་གསུམ་པ་ཡིན་པས་དེ་ལ་ལྷ་མོ་གསུམ་པར་ཡང་འབོད།

 ༦. འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་དང་བོད་འགྱུར་སྐོར་གླེང་བ།

 བོད་ལྗོངས་སྤྱི་ཚོགས་མཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་དངོས་གྲུབ་ཚེ་རིང་གིས་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་དང་བོད་འགྱུར་སྐོར་གྱི་ཚོགས་འདུའུ་གཏམ་བཤད་གནད་བསྡུས།

སྤྱིར་ན་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལ་ཁྱོན་རྒྱས་བསྡུས་གཉིས་ཡོད་དེ། དེ་ཡང་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཕ་པའི་ནང་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་རྒྱས་པ་བམ་པོ་བདུན་དང་ལེའུ་བཅུ་པ།  རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།  དཱ་ན་ཤཱི་ལ་དང་།  བུདྡྷ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར། ཞེས་པ་དང་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་འབྲིང་པོ་དགེ་བ་བཅུ་བསྟན་པ།  རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།  དཱ་ན་ཤཱི་ལ་དང་།  མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་བཅོས་པ།   ཞེས་དང་། སྐབས་འདིར་གླེང་བའི་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་བསྡུས་པ་ཤླཽ་ཀ་བཅུ་གཉིས་པ་དཀར་ཆག་ལ་མིང་དེ་ལྟར་བྲིས་ཡོད་།འོན་ཀྱང་མདོ་མང་ཕ་པའི་ལྡེབ་ངོས་ ༢༠༥ཡི་ནང་གི་བོད་འགྱུར་དཔེ་ཆ་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་པ་དང་།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།   ཞེས་བྲིས་ཡོད། ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མར་དཔེ་མིང་འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ཞེས་བྲིས་སྣང་། དེ་ན་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆའི་དཔེ་མིང་དང་ནང་དོན་སོགས་ལ་བསྡུར་བ་གཏོང་རྒྱུ།ད་དུང་ཅུང་ཞིབ་པའི་ངང་ད་ལྟ་ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་ཡོད་པའི་དཔེ་ཆ་བྲིས་མ་འདིར་ཁྱོན་ལྡེབ་ག་ཚོད་དང་དཔེ་ཆའི་རིང་ཚད་དང་ཞེང་ཚད།  ཆ་ཚད། ཡིག་གཟུགས་སྣག་མདོག  དར་ལུང་།ཆ་ཚང་མིན།  ལེགས་སྦྱར་དཔེ་ཆ་བྲིས་མ་འདིའི་དཔེ་མིང་ནི་སྲིབ་ངོས་དང་ཉིན་ངོས་གང་དུ་ཡོད་མེད། དཔེ་ཆའི་སྟེང་འབྲེལ་ཡོད་བརྡ་འཕྲིན་ནམ་མཆན་གང་བྲིས་ཡོད་པའི་སྐོར་གྱི་གནས་ཚུལ་བརྗོད་རྒྱུ།   དེ་དང་ཆབས་ཅིག་ཞོལ་པར་མ་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ནས་བསྒྲིགས་པའི་དཔེ་བསྡུར་པར་མ་སོགས་ལ་དཔྱད་གཞི་གནང་ནས་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལེགས་སྦྱར་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་དང་བོད་འགྱུརདཔེ་ཆ་འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྐོར་ལ་དེང་རབས་ཀྱི་དཔེ་བསྡུར་པར་མའི་ཞིབ་འཇུག་ཐབས་ལམ་བརྒྱུད་རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་མི་སྣ་ལ་ཡིད་ཆེས་ཁུངས་བཙན་གྱི་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་དང་ཡང་སྒོས་སཾ་བོད་ཡིག་སྒྱུར་གྱི་གནས་ཚད་སྐོར་དེ་གཞོར་དུ་རྟོགས་ཐུབ་པའི་དམིགས་ཡུལ་བཟུང་ནས་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན་ཞེས་གསུང་།། 

                                                རྩོམ་སྒྲིག་འགན་འཁུར་པ།བསྟན་འཛིན་ནོར་བུ།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101