中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
༄༄།།སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལས་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུའི་སྤྱི་བཤད།

སྤྱི་ལོ་2013ལོའི་སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལས་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུ་དེ་ཟླ་6པའི་ཚེས་22ནས་ཚེས་24བར་ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་འཚོགས།  ཐེངས་འདིའི་གྲོས་མོལ་ཚོགས་འདུ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པ་ཡིན།  པེ་ཅིན་དང་། ལྷ་ས།   སི་ཁྲོན།   ཡུན་ནན།   ཀན་སུའུ།   མཚོ་སྔོན་བཅས་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་སྐོར་གྱི་དུས་དེབ་ཁང་སོ་སོ་དང་།  བོད་རིག་པ་ཞིབ་འཇུག་ལས་ཁུངས་ཀྱི་མི་སྣ་བཅས་འཐུས་མི་བདུན་བཅུ་དོན་བརྒྱད་ལྷག་ཚོགས་འདུར་ཞུགས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་ཚོགས་འདུར་རྟེན་འབྲེལ་གྱི་ཞུ་ཚིག་བསྐུར་གནང་བ་དང་།  བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་གཙོ་ཕུར་བུ་ཚེ་རིང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚབ་བྱས་ཏེ་ཚོགས་ཞུགས་མི་སྣར་དགའ་བསུའི་ཞུ་ཚིག་ཕུལ་བ་རེད། 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པའམ་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་གི་དབུ་གཙོ་དགྲ་འདུལ་དང་།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་རྟོག་ཞིབ་དང་གཞི་གྲངས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧོ་ཐའོ།    དེ་མིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ།  བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་པའི་འབྲེལ་ཡོད་ཀྱི་དབུ་འདྲེན་ཚོགས་འདུར་ཞུགས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་གཙོ་རྒྱལ་མོ་འབྲུག་པ་དང་།  བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་གཙོ་གཞོན་པ་ཁྲིན་ཅན་ལུང་།  བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་གཙོ་གཞོན་པ་བྱང་ངོས་པ་ཚེ་གཡང་བཅས་ནས་སྔ་གཞུག་ཏུ་ཚོགས་འདུར་འགོ་འཛིན་གནང་།

ཐེངས་འདིའི་ཚོགས་འདུའི་དུས་ཡུན་ནི་ཉིན་གསུམ་ཡིན་ལ། གོ་རིམ་གྱི་ཆ་ནས་ཐོག་མར་ཚོགས་སྒོ་འབྱེད་པ་དང་། བར་དུ་ཚོགས་ཆུང་བསྡུས་ནས་དཔྱད་གླེང་སྤེལ་བ།   མཐར་ཚོགས་མཇུག་བསྡུ་བའི་མཛད་སྒོ་སྤེལ།   དེ་རྗེས་ལྟ་སྐོར་དང་རྟོག་ཞིབ་སློབ་སྦྱོང་བྱས་པ་བཅས་རིམ་པ་བཞི་རུ་འདུ།   ཐེངས་འདིའི་ཚོགས་འདུར་བོད་རིག་པའི་དུས་དེབ་བཞི་བཅུ་ཞེ་གསུམ་གྱི་དབུ་འཛིན་པ་དང་རྩོམ་སྒྲིག་པ་དག་ཞུགས་ཐུབ་པ་བྱུང་ལ།   དེ་དག་གི་ཁྲོད་དུ་བོད་ཡིག་གི་དུས་དེབ་སྣ་གྲངས་ཉི་ཤུ་དང་རྒྱ་ཡིག་གི་དུས་དེབ་སྣ་གྲངས་ཉི་ཤུ་རྩ་གསུམ་ཟིན་པ་རེད།  སྤྱིའི་ཆ་ནས་བལྟས་ཚེ་ང་ཚོའི་བོད་རིག་པའི་དུས་དེབ་དེ་ནི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པའི་གནས་བབ་དེ་མངོན་པར་གསལ་བ་དང་།   དེ་དང་མཐུན་པར་འདིས་ནི་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་ཕྱོགས་ལ་གལ་ཆེ་བའི་སྟེགས་བུ་ཞིག་བསྐྲུན་ཡོད་པའང་མངོན་པར་གསལ་བ་རེད། ཡིན་ནའང་བོད་རིག་པའི་སྐོར་གྱི་དུས་དེབ་ཀྱི་འགོ་འཛུགས་འཕྱི་བ་དང་།  ས་ཁུལ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་མི་འདྲ་བ།   དེ་མིན་རྒྱལ་ནང་གི་རིག་གཞུང་དུས་དེབ་གཞན་དག་དང་བསྡུར་ཚེ་བོད་རིག་པའི་དུས་དེབ་འདི་ལ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ལམ་དོག་ཅིང་དེང་རབས་ཀྱི་སྔོན་ཐོན་གྱི་དུས་དེབ་དག་དང་བསྡུར་ཚེ་བལྟོས་བཅོས་ཀྱིས་ད་དུང་རྗེས་སུ་ལུས་པའི་གནས་ཚུལ་མངོན་ལ།   གནས་ཚུལ་དེ་རིགས་ལ་དམིགས་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་གྱིས་གྲོས་གཞི་བཏོན་ཏེ་སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལས་རིག་གཞུང་ཀྱི་དུས་དེབ་གྲོས་མོལ་ཚོགས་འདུ་འདི་སྐོང་འཚོགས་བྱས་པ་རེད།

ཚོགས་འདུའི་སྟེང་དུ་འགོ་འདྲེན་རྣམ་པས་སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་ལས་རིག་གཞུང་ཀྱི་དུས་དེབ་གྲོས་མོལ་ཚོགས་འདུ་འཚོགས་པ་འདི་ལ་དོན་སྙིང་ཆེས་ཆེར་ལྡན་པ་ནན་གྱིས་བསྟན་ཏེ།   ཚོགས་འདུ་འདི་ལས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་མངོན་པ་མ་ཟད།      བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་བཏང་སྟེ་མ་འོངས་པར་འཛམ་གླིང་དུ་བསྐྱོད་པར་གལ་ཆེ་བའི་སྐུལ་སྤེལ་གྱི་ནུས་པ་བླ་ལྷག་གིས་འདོན་ཐུབ་པ་བཅས་ལ་གདེང་འཇོག་མཐོན་པོ་གནང་བ་དང་འབྲེལ་མ་འོངས་པའི་ལས་ཀའི་བྱེད་ཕྱོགས་སྐོར་ལའང་རེ་འདུན་བཏོན་གནང་བ་རེད།  དེ་བཞིན་དུ་ཚོགས་འདུའི་སྐབས་སུ་ཚོགས་ཞུགས་འཐུས་མི་རྣམ་པས་ཀྱང་བོད་རིག་པའི་རིག་གཞུང་དུས་དེབ་དག་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་སྐོར་དང་། བོད་རིག་པའི་ཆེད་ལས་བརྡ་ཆད་ཚད་ལྡན་དུ་གཏོང་བ།  བོད་རིག་པའི་རིག་གཞུང་དུས་དེབ་དག་ཨང་ཀི་ཅན་དུ་གཏོང་བ། རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་ཀྱི་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ་བཅས་པའི་སྐོར་བརྗོད་སྙིང་དུ་བཟུང་ནས་དཔྱད་གླེང་ལྷུག་བརྗོད་གནང་བ་རེད། 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་ཞུ་ཚིག་ཁྲོད་དུ་བསྟན་དོན།  དུས་རབས་ཉེར་གཅིག་ཏུ་སླེབས་པའི་རྗེས་སུ་རྒྱལ་སྤྱིའི་སྟེང་དུ་བོད་རིག་པ་ནི་སྔར་ལས་ལྷག་པར་ཀུན་གྱིས་དོ་སྣང་བྱེད་པའི་རིག་གཞུང་ཁྱབ་ཁོངས་ཞིག་ཡིན་པ་དང་།  རྒྱལ་ནང་གི་ཞིབ་འཇུག་གི་དཔུང་ཁག་ཀྱང་སྔར་ལས་མུ་མཐུད་དུ་འཚར་ལོངས་བྱུང་སྟེ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་ཡོད་ལ།   དེ་བཞིན་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་འོས་འགན་དང་འགྲན་རྩོད་དེའང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་རེད།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་མཚོན་པར་བྱེད་པའི་བོད་རིག་པའི་རིག་གཞུང་དུས་དེབ་ཞིག་གི་ཆ་ནས་དེ་ནི་ཆབ་སྲིད་དང་རིག་གཞུང་གཉིས་སུ་ཁ་ཕྱོགས་པར་བྱ་དགོས་ཏེ།    འདིས་ནི་ཀྲུང་གོའི་བོད་རིག་པ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་ལྷན་དུ་ཀྲུང་གོའི་ཕྱི་ཕྱོགས་དྲིལ་སྒྲོག་ལ་གལ་ཆེའི་འོས་འགན་ཞིག་ཕྲག་ཏུ་ཡོད་པ་མ་ཟད།  ད་དུང་རིག་གཞུང་གི་ཆ་ནས་ཕྱི་འབྲེལ་བྱེད་པའི་ནུས་པ་འདོན་དགོས་པ་རེད།    ་བོད་ལྗོངས་ཀྱི་གནད་དོན་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་སྲོག་ཤིང་ཕན་ཁེ་ཞིག་ཏུ་གྱུར་ཡོད་པའི་དུས་འདིར་བོད་རིག་པའི་ལས་རིགས་ཀྱི་རིག་གཞུང་དུས་དེབ་ཀྱི་གལ་ཆེ་བའི་རང་བཞིན་དེ་ནི་ལྷག་པར་མངོན་གསལ་དུ་གྱུར་ཡོད།   དོན་སྙིང་འདིའི་སྟེང་ནས་བརྗོད་ཚེ་རྒྱལ་ཡོངས་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུ་འཚོགས་པ་འདི་ནི་དགོས་ངེས་ལྡན་ལ་འོས་ཤིང་མཐུན་པར་ཞིག་ཀྱང་ཡིན།

བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་མགྱོགས་མྱུར་སྒོས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་སྲིད་གཞུང་དང་བོད་ལྗོངས་མི་དམངས་ནང་དུ་འདུས་པའི་རྒྱལ་ཡོངས་མི་དམངས་ཡོངས་ཀྱིས་གཏན་ལ་ཕབ་པའི་འཐབ་ཇུས་ཤིག་དང་ཧུར་བརྩོན་བྱ་ཡུལ་གྱི་དམིགས་འབེན་ཞིག་ཀྱང་ཡིན་པས།  འདིས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལ་ལས་འགན་གསར་བ་དང་རེ་འདུན་གསར་བ་ཞིག་བཏོན་པ་རེད།   ཐེངས་འདིའི་གྲོས་མོལ་ཚོགས་འདུ་བསྡུས་པ་འདིས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་མངོན་པ་མ་ཟད།     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོ་རུ་གཏོང་བ།   ད་དུང་ཀྲུང་གོའི་བོད་རིག་པ་དེ་ཉིད་མ་འོངས་པར་ཕྱོགས་ཏེ་འཛམ་གླིང་དུ་བསྐྱོད་པ་བཅས་པར་གལ་འགངས་ཆེ་བའི་སྐུལ་འདེད་ཀྱི་ནུས་པ་འདོན་ངེས་པ་རེད།  དེ་བས་ཁྱེད་རྣམ་པས་བོད་རིག་པ་ཞིབ་འཇུག་དང་དེ་དང་འབྲེལ་བའི་རིག་གཞུང་དུས་དེབ་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར།  མཛུབ་སྟོན་བཅས་གནང་བ་ལ།  འདིས་ནི་དུས་རབས་ཉི་ཤུ་པར་བོད་རིག་པ་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་རུ་བྱུང་བའི་དུས་རབས་འདིར། ཐེངས་འདིའི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས་བློ་སྒོ་གསར་འབྱེད་དང་རྣམ་པ་གསར་གཏོད་བྱས་ཏེ། ཀྲུང་གོའི་བོད་རིག་པ་ཡི་མ་འོངས་པར་མཛད་རྗེས་གསར་བ་ཞིག་བསྐྲུན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཅེས་པའོ། །

བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་གཙོ་ཕུར་བུ་ཚེ་རིང་གིས་གསུང་རྒྱུར།   བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རིང་དང་ལྷག་པར་དུ་དུས་རབས་གསར་བའི་ནང་དུ་སླེབས་རྗེས་སུ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཡང་དག་པའི་འགོ་ཁྲིད་འོག་བོད་རིག་པ་ཞིབ་འཇུག་གི་གོ་གནས་མུ་མཐུད་དུ་ཇེ་མཐོ་རུ་བཏང་སྟེ།  བོད་རིག་པར་ཁྱད་པར་དུ་མངའ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་བའི་ནུས་པ་དང། བོད་ཀྱི་གཏིང་མཐུག་པའི་ཐོན་ཁུངས་གསར་སྤེལ་གྱིས་དེང་རབས་ཅན་གྱི་འཛུགས་བསྐྲུན་ལ་ཞབས་འདེགས་ཞུ་བའི་ནུས་པ། ཕུལ་དུ་བྱུང་བའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་རིག་གཞུང་གི་ཉིང་བཅུད་བེད་སྤྱད་དེ་མིའི་རིགས་ཀྱི་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་འདེགས་པའི་ནུས་པ་བཅས་པའི་ཆ་ནས་སྔར་ལས་མངོན་གསལ་དོད་པོའི་ཕན་ནུས་ཐོན་ཡོད།  བོད་རིག་པར་ཞིབ་འཇུག་བྱེད་པ་ནི་ང་ཚོའི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་དུ་གཙོ་གནད་དུ་འཇུག་པར་བྱེད་པའི་ཁ་ཕྱོགས་ཁྲོད་ཀྱི་གཅིག་ཡིན་ལ།   འདིས་ནི་ང་ཚོའི་སློབ་གྲྭའི་རིག་ཚན་འཛུགས་གཉེར་ཁྲོད་དུ་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གོ་གནས་བཟུང་ཡོད།   སློབ་གྲྭའི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།   ཙུང་ལིས་གཞོན་པ་ལིག་ཡན་ཏུང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླིང་མའི་ཡང་རྩེ་རུ་གྱུར་ནས།    བོད་རིག་པ་ཞིབ་འཇུག་གི་སྔོན་སྐྱོད་མཁན་དང་སྣེ་ཁྲིད་མཁན་ཞིག་ཏུ་འགྱུར་དགོས་པར་བསྟན་པའི་དགོངས་དོན་ནན་ཏན་གྱིས་དོན་དུ་འཁྱོལ་བ་བྱས་ཏེ། རིག་གཞུང་ཞིབ་འཇུག་གི་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་།    རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེ་རུ་བསྐྱེད་པ།   རིག་ཚན་དག་ཕན་ཚུན་བསྣོལ་མའི་ཚུལ་དུ་འདྲེས་པ་བྱེད་པར་སྐུལ་འདེད་གཏོང་བ།  རིག་གཞུང་གི་ཆ་ནས་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱེད་པ་བཅས་པའི་ཆ་ནས་གྲུབ་འབྲས་གནད་དུ་སྨིན་པའི་ལས་ཀ་ཕོན་ཆེ་བསྒྲུབས་ཡོད།  ཐེངས་འདིའི་གྲོས་མོལ་ཚོགས་འདུ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་གི་རིམ་པ་མཐོ་ཤོས་ཀྱི་ཚོགས་འདུ་ཞིག་ཡིན་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོས་ཐེངས་དང་པོར་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་གི་ཚོགས་འདུ་ཞིག་ཀྱང་ཡིན་པས།   སློབ་གྲྭའི་བོད་རིག་པ་ཞིབ་འཇུག་དང་རིག་གཞུང་དུས་དེབ་གཙོ་གཉེར་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་དོན་སྙིང་ཆེན་པོ་ལྡན་པ་རེད་ཅེས་པའོ།།

ཚོགས་འདུའི་འབྱེད་སྒོ་སྟེང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་རྟོག་ཞིབ་དང་གཞི་གྲངས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧོ་ཐའོ་ཡིས་ཀྱང་ཁོང་ཚོའི་ཆ་འཕྲིན་ལྟེ་གནས་བཙུགས་པའི་རྒྱབ་ལྗོངས་དང་།   རྒྱལ་ཁབ་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཀྱི་གཞི་གྲངས་བང་མཛོད་བྱ་བའི་ལས་དོན་གྱི་ལས་རིམ། གཞི་གྲངས་ཀྱི་བང་མཛོད་དེ་རུ་ཕུལ་དུ་བྱུང་བའི་རིག་གཞུང་དུས་དེབ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དུས་དེབ་རིགས་གཅིག་སྟོང་ལྷག་བསྡུ་ལེན་བྱས་པ་སོགས་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་དབུ་འཛིན་གཞོན་པའམ་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་གི་དབུ་གཙོ་དགྲ་འདུལ་གྱིས་བོད་རིག་པའི་རིག་གཞུང་དུས་དེབ་ཅི་ལྟར་བྱས་ནས་ཀྲུང་གོ་རུ་རྐང་ཚུགས་ཐུབ་པ་བྱས་ཏེ་འཛམ་གླིང་དུ་ཕྱོགས་དགོས་པ་ཞེས་པའི་གསུང་བཤད་དུ་བསྟན་དོན། ཀྲུང་གོའི་བོད་རིག་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོ་ཞིག་བརྒྱུད་དེ་དུས་རབས་ཉི་ཤུའི་དཀྱིལ་དུ་སླེབས་པ་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་བ་དེ་དུས་རབས་ཀྱི་མཚོན་རྟགས་ཞིག་ཏུ་བྱས་ཏེ།  མར་ཁེ་སིའི་རིང་ལུགས་སློབ་སྟོན་དུ་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་སྲོལ་རྒྱུན་གྱི་བོད་རིག་པ་དང་ཕྱི་རྒྱལ་གྱི་བོད་རིག་པ་གཉིས་དང་མི་འདྲ་བའི་དེང་རབས་ཅན་གྱི་བོད་རིག་པ་ཞིག་ཆགས་ཡོད་པ་རེད།

དེང་སྐབས་ང་ཚོའི་གླེང་བའི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་གོ་དོན་ནི་ཅུང་ཁྱབ་ཆེ་བ་སྟེ།   པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ་བཅས་པའི་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པའི་དུས་དེབ་དེ་དག་གི་འདོན་ཐེངས་རེ་རེའི་སྟེང་དུ་ཕལ་ཆེ་བར་བོད་རིག་པ་སྐོར་གྱི་རྩོམ་རིག་བཀོད་ཡོད་པའི་རིག་གཞུང་དུས་དེབ་སོགས་ནི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་ཁོངས་སུ་གཏོགས་འོས་པ་རེད།     མཐོ་རིམ་སློབ་གྲྭས་གཙོ་གཉེར་བྱས་པའི་རིག་གཞུང་དུས་དེབ་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སྟེ་དཔེར་ན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།ལྟ་བུ།   གཉིས་ནི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལྟེ་གནད་དུ་བྱས་པའི་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་དུས་དེབ་སྟེ། དཔེར་ན་བོད་རིག་པའི་དུས་དེབ དེབ་ཁ་ཤས་དཔེ་ཆས་དུས་དེབ་ཀྱི་ཚབ་བྱས་པའི་རྣམ་པའི་ཆ་ནས་བཏོན་ཡོད།ལྟ་བུ།  དེ་ནས་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་རིག་གཞུང་དུས་དེབ་སྟེ་དཔེར་ན་ཀྲུང་གོའི་བོད་རིག་པ་དང་བོད་ལྗོངས་ཞིབ་འཇུག་ ལྟ་བུ་བཅས་པ་ཡིན་ལ།  ད་དུང་དམངས་ཁྲོད་ཀྱི་ཚོགས་པ་དང་དགོན་པས་གཙོ་གཉེར་བྱས་པའི་དུས་གཏན་མེད་པའི་དུས་དེབ་ཀྱང་ཡོད།  དེ་བས་དེ་རིང་ཚོགས་འདུར་ཞུགས་ཡོད་པའི་དུས་དེབ་མང་ཆེ་བ་ནི་བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་ངོས་འཛིན་བྱེད་ཆོག་པ་རེད། 

བོད་རིག་པའི་རིག་གཞུང་དུས་དེབ་ནི་བསམ་བློ་དང་གཞུང་ལུགས་ཀྱི་ཚད་མཐོན་པོ་ཞིག་ནས་འགྲེང་སྟེ།  སྔར་ལས་ལྷག་པའི་སྒོ་ནས་ཏུ་སྤྱི་ཡོངས་ལ་བསམ་པའི་འདུ་ཤེས་དང་རིག་གཞུང་གི་འདུ་ཤེས།   ཁྱབ་བསྒྲགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་སྟེ།  མུ་མཐུད་དུ་བོད་རིག་པ་ཞིབ་འཇུག་གི་རྩ་གནད་དང་།  ཀུན་གྱི་དོ་སྣང་བྱེད་པའི་གནད་དོན། རྩོམ་ཡིག་གི་དོན་དངོས་བཅས་ལ་གཙིགས་འཛིན་དང་གསར་བ་འཚོལ་སྙེགས་བྱ་བར་གཟབ་ནན་བྱེད་ པར་དོ་སྣང་བྱ་དགོས་ལ།    མུ་མཐུད་དུ་དར་མ་དང་གཞོན་སྐྱེས་ཀྱི་ཡོན་ཏན་པ་དག་གསོ་སྐྱོང་བྱེད་པ་དང་། ལྷག་པར་དུ་བོད་རིགས་ཀྱི་དར་མ་དང་གཞོན་སྐྱེས་ཡོན་ཏན་པར་འགན་འཁྲི་ཡོད་པར་བྱས་ཏེ་རྟོགས་པ་ཆེས་ཆེར་མཐོ་བའི་མར་ཁེ་སིའི་རིང་ལུགས་ཀྱི་བོད་རིག་པ་ཞིབ་འཇུག་པའི་དཔུང་སྡེ་ཞིག་འཛུགས་པ་དང་གསོ་སྐྱོང་བྱེད་པར་འབད་བརྩོན་བྱ་དགོས།

གཏམ་བཤད་ཀྱི་མཇུག་ཏུ་ཁོང་གིས་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་འཕེལ་རྒྱས་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་ཀྱི་ཆ་ནས་གྲོས་གཞི་ལྔ་བཏོན་པ་སྟེ།

གཅིག  མགྱོགས་མྱུར་སྒོས་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ།  འཛམ་གླིང་ཅན་དང་ཆ་འཕྲིན་ཅན་དུ་གྱུར་ཏེ་ཤེས་བྱའི་ཚ་རླབས་འབར་བའི་དུས་རབས་འདིར།  རྒྱལ་ནང་གི་བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་དག་གིས་མཉམ་འབྲེལ་དང་། མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས་ཏེ་བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་ཀྱི་མཛའ་འབྲེལ་ཚོགས་པ་འཛུགས་དགོས་ཤིང་།   དེ་འདྲ་ཞིག་འཛུགས་དགོས་ཀྱི་དམིགས་བྱ་བརྗོད་ན། འབྲེལ་ལམ་འཛུགས་པའི་སྟེགས་བུ་ཞིག་བསྐྲུན་པ་དང་། དུས་དེབ་གཉེར་བའི་ཉམས་མྱོང་བརྗེ་རེས་བྱེད་པ། ཕན་ཚུན་བར་གྱི་འབྲེལ་གཏུགས་དང་མཛའ་བརྩེ་ཆེ་རུ་གཏོང་བ།  ཐོན་ཁུངས་མཐུན་སྦྱོར་ལེགས་སྒྲིག་བྱེད་པ། ཁྱད་འཕགས་ཀྱི་དགེ་མཚན་དག་ཕན་ཚུན་བར་ལ་ཁ་གསབ་རེས་བྱེད་པ་བཅས་བྱས་ཏེ། མཉམ་གཅིག་ཏུ་རང་རྒྱལ་ནི་བོད་རིག་པའི་ཕ་ཡུལ་ཡིན་པ་ལ། འདི་རུ་བོད་རིག་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། བོད་རིག་པའི་ཆེད་མཁས་པ་དང་ཡོན་ཏན་པ་མང་བ་བཅས་ཀྱི་གནས་བབ་ལེགས་པོ་ལྡན་པ་དེ་དག་འདོན་སྤེལ་བྱས་ཏེ།   སྔར་ལས་ལྷག་པར་རྒྱ་ཆེ་བ་དང་གཏིང་ཟབ་པའི་ངང་ནས་བོད་རིག་པའི་ལས་དོན་ལ་སྐུལ་འདེད་བྱེད་པ་དང་། བོད་རིག་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་མང་པོ་དར་སྤེལ་དུ་བཏང་སྟེ་བོད་ལྗོངས་དང་བོད་ཁུལ་གཞན་དག་གི་སྤྱི་ཚོགས་དཔལ་འབྱོར་རིག་གནས་བཅས་ཕྱོགས་ཡོངས་འཆམ་མཐུན་གྱི་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ལེགས་པོ་བྱ་རྒྱུ་དང་།  འཛམ་གླིང་སྟེང་གི་ཀྲུང་གོའི་བོད་ལྗོངས་དང་བོད་རིགས་མི་དམངས་ལ་དོ་སྣང་དང་ཐུགས་འཁུར་གནང་བཞིན་ཡོད་པའི་ལས་རིགས་ཁག་གི་མི་སྣ་རྣམས་ལ་བོད་ལྗོངས་དང་བོད་ཁུལ་གཞན་དག་འཕེལ་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་དངོས་ཡོད་ཀྱི་འཕེལ་རིམ་དག་དུས་ཐོག་ཏུ་ངོ་སྤྲོད་བྱ་དགོས།

གཉིས།  བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་ཀྱི་དྲ་རྒྱའི་སྟེགས་བུ་ཞིག་བསྐྲུན་པར་ཤུགས་སྣོན་བྱེད་དགོས་པ།   དེང་གི་དུས་འདིར་ང་ཚོ་ཆ་འཕྲིན་ཅན་གྱི་དུས་རབས་གསར་བ་ཞིག་གི་མདུན་དུ་ལྷགས་ཡོད་དེ། ཆ་འཕྲིན་དྲ་བ་འདི་ནི་སྨྱན་སྦྱོར་བཞི་བ་རུ་ཆགས་བཞིན་པས་ན།   དེ་ནི་མི་རྣམས་ལ་ཆ་འཕྲིན་ཐོབ་པ་དང་སྤྱི་ཚོགས་ཀྱི་བྱེད་ནུས་སྣ་ཚོགས་མངོན་འགྱུར་བྱེད་ཐུབ་པར་འདྲེན་བྱེད་ཀྱི་དངོས་པོ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ལ་དྲ་རྒྱ་དང་། རིག་གཞུང་གི་ཆ་འཕྲིན། ཆ་འཕྲིན་གྱི་བྱེད་ནུས་བཅས་ཀྱིས་དེང་དུས་སུ་བོད་རིག་པ་ཞིབ་འཇུག་གི་རྣམ་པ་དང་བྱེད་ཐབས་ནང་དུ་འདུ་བའི་རིག་གཞུང་གི་ཞིབ་འཇུག་ལ་མུ་མཐུད་དུ་ཤན་ཤུགས་དང་བསྒྱུར་བཅོས་གཏོང་བཞིན་ཡོད་པ་རེད། དེ་བས་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་དྲ་རྒྱའི་སྟེགས་བུ་ཞིག་འཛུགས་སྐྲུན་བྱེད་པ་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་མཚོན་པར་བྱེད་རྒྱུ་དེ་ནི་བོད་རིག་པའི་རིག་གཞུང་དུས་དེབ་དེ་ཉིད་འཛམ་གླིང་དུ་བསྐྱོད་པར་ཆེས་མཆོག་ཏུ་གྱུར་བའི་གདམ་ག་རུ་གྱུར་ཡོད།  གོ་རིམ་འདི་དག་གི་ཁྲོད་དུ་སྤྱི་ཚོགས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་གྱི་འབྲེལ་བ་དེ་ཐག་གཅོད་བཟང་པོ་བྱེད་དགོས་པ་དང་། བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་ཀྱི་ངོ་བོ་ཡི་ཆ་ནས་དེ་ནི་སྤྱི་ཕན་རང་བཞིན་དུ་ཕྱིན་ཚེ་ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་དེ་ཉིད་ཀྱི་ནུས་པ་འདོན་འོས་པ་དེ་གང་ལེགས་ཀྱིས་ནུས་བ་དེ་ཐག་གཅོད་བྱས་ཡོད་པ་རེད།

གསུམ།   བོད་རིག་པའི་སྐོར་གྱི་ཀུན་གྱིས་དོ་སྣང་བྱེད་པའི་གླེང་གཞི་དང་གལ་གནད་ཆེ་བའི་གླེང་གཞི་དག་ལ་མུ་མཐུད་དུ་དོ་སྣང་ཆེས་ཆེར་བྱ་དགོས་པ།   བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་ཀྱིས་གོ་སྐབས་ལེགས་པོ་གཟུང་མཁས་པར་བྱས་ཏེ། བོད་རིག་པའི་སྐོར་གྱི་ཀུན་གྱིས་དོ་སྣང་བྱེད་པའི་གླེང་གཞི་དང་གལ་གནད་ཆེ་བའི་གླེང་གཞི་དག་ལ་མུ་མཐུད་དུ་དོ་སྣང་བྱེད་ཚད་ཤུགས་ཆེ་རུ་གཏོང་བ་སྟེ། དཔེར་ན་བོད་ཀྱི་ཆོས་ལུགས་དང་རིག་གནས། ལྷག་པར་དུ་རྒྱ་བོད་ཆོས་ལུགས་བསྡུར་ཞིབ་དང་ཕར་ཚུར་བསྒྱུར་ནས་ཞིབ་འཇུག་བྱ་བ་དང་།  དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཞིབ་འཇུག་བཅས་ལ་སོགས་པ་ལྟ་བུ་ལ་དོ་སྣང་བྱས་ནས། ཀྲུང་གོའི་དེང་རབས་ཀྱི་བོད་རིག་པ་ཞིབ་འཇུག་གི་ལས་དོན་དེ་མུ་མཐུད་དུ་ཐེམ་སྐས་གསར་བ་ཞིག་ཏུ་སྙེགས་པར་སྐུལ་འདེད་བྱས་འོག   རྒྱལ་སྤྱིའི་སྟེང་དུ་གལ་ཆེ་བའི་ནུས་པ་དེ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་རིག་གཞུང་གི་གོ་བབས་འོས་སུ་ཆེ་བ་ཞིག་མངའ་དགོས་པ་རེད།

 བཞི།  བོད་ཡིག་པར་གྱི་བོད་རིག་པའི་སྐོར་གྱི་རིག་གཞུང་དུས་དེབ་འཛུགས་སྐྲུན་བྱ་བ་གལ་གནད་དུ་བཟུང་ནས་ཤུགས་ཆེར་བསྐྱེད་དགོས་པ།   གོང་འཕྲོས་ལྟར་བོད་རིག་པའི་རིག་གཞུང་དུས་དེབ་དག་ལ་རྒྱུན་ལྡན་རང་བཞིན་གྱི་བརྗེ་རེས་དང་མཐུན་སྦྱོར་དཀོན་པ་དང་། ལྷག་པར་དུ་བོད་ཡིག་དུས་དེབ་ལ་དེ་བས་ཀྱང་གནད་དོན་གང་མང་འབུར་དུ་ཐོན་ཡོད།

1. བོད་ཡིག་དུས་དེབ་ལ་སྲོག་ཤིང་དུས་དེབ་ཤིག་མེད་པ་དང་དཔྱད་འཇོག་གི་མ་ལག་དཀོན་པ་ན།  ཞིབ་འཇུག་གི་གྲུབ་འབྲས་ལ་དཔྱད་འཇོག་དང་རིམ་པ་གཏན་འཁེལ་བྱེད་པ་བཅས་ལ་ཚད་བཀག་ཐེབས་ཡོད་དེ།  དེས་ཐད་ཀར་ཆེད་ལས་ལག་རྩལ་པའི་གོ་གནས་གཏན་འཁེལ་གྱི་ཆ་རྐྱེན་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད་པས། མཛའ་འབྲེལ་ཚོགས་པས་གནད་དོན་འདི་ལ་དམིགས་ཏེ་ལས་དོན་རེ་བསྒྲུབ་དགོས་པར་སྣང་།

2.  བོད་ཡིག་གི་མཉེན་ཆས་སྣ་རིགས་མང་ཞིང་ཕན་ཚུན་མཉམ་སྤྱོད་བྱེད་མི་ཐུབ་པར་ཕན་ཚུན་བར་གྱི་བརྗེ་རེས་ལ་ཚད་བཀག་བྱས་ཡོད་པས། བོད་ཡིག་གི་མཉེན་ཆས་རིམ་གྱིས་རྒྱལ་སྤྱིའི་ཚད་ལྡན་གྱི་unicodརུ་མཐུན་པར་ཕྱོགས་དགོས་པར་སྙམ།

3. བོད་ཡིག་དུས་དེབ་རིམ་བཞིན་དྲ་རྒྱ་རུ་བཞག་ཏེ་ཀློག་པ་པོ་མང་པོར་དྲ་རྒྱའི་སྟེང་ནས་དཔྱད་གཞིའི་ཡིག་ཆ་ཀློག་ཐུབ་པ་བྱ་དགོས།

ལྔ།  གོམ་གང་མདུན་སྤོས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་བོད་རིག་པ་ཞིབ་འཇུག་གི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པར་འབད་བརྩོན་བྱ་དགོས།   བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་མར་ཁེ་སི་རིང་ལུགས་པའི་བོད་རིག་པའི་་ཞིབ་འཇུག་པ་མང་པོ་ཞིག་ལ་རང་ཉིད་ཀྱི་ཤེས་ཡོན་མངོན་ཐུབ་པར་རྒྱ་ཆེ་བའི་གར་སྟེགས་ཤིག་བསྐྲུན་ཡོད་པ་མ་ཟད།  དེ་དང་མཐུན་པར་བོད་རིག་པའི་ཞིབ་འཇུག་པ་དར་གཞོན་མང་པོ་ཞིག་ཀྱང་གསོ་སྐྱོང་བྱས་ཡོད་པ་ལ།  དེ་དག་ནི་མར་ཁེ་སི་རིང་ལུགས་ཀྱི་བོད་རིག་པ་ཞིབ་འཇུག་མཁན་གྱི་རྐང་བྱེད་སྟོབས་ཤུགས་དང་རྗེས་སྣོན་སྟོབས་ཤུགས་ཞིག་ཡིན། བོད་རིག་པ་ཞིབ་འཇུག་གི་ལས་ཀ་གཉེར་མཁན་མང་ཆེ་བ་ཞིག་ནི་རམ་འདེགས་ཞིབ་འཇུག་པ་ནས་ཞིབ་འཇུག་པ་ཆེ་མོ་གཞོན་པ་དང་དེ་ནས་ཞིབ་འཇུག་པ་ཆེ་མོ་བ་དང་།  ཡང་ན་འཆད་ཁྲིད་དགེ་རྒན་ནས་དགེ་རྒན་ཆེ་མོ་བ་གཞོན་པ་དང་དེ་ནས་དགེ་རྒན་ཆེ་མོ་བ་བཅས་རིམ་པ་བཞིན་དུ་འཚར་ལོངས་བྱུང་སྟེ་བོད་རིག་པ་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་ཀྱི་སྟོབས་ཤུགས་གསར་བ་ཞིག་དང་རྐང་བྱེད་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པས། བོད་རིག་པའི་དུས་དེབ་ནི་ཏག་ཏག་དེ་དག་འཚར་ལོངས་བྱུང་བའི་བདེན་དཔང་མཁན་དུ་འཁུམས་པ་རེད། ཕྱོགས་གཞན་ཞིག་ནས་བརྗོད་ཚེ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོའི་བོད་རིག་པའི་རིག་གཞུང་དུས་དེབ་ནི་ཁོང་ཚོ་འཚར་ལོངས་བྱུང་བའི་རྩ་བ་ཞིག་ཏུ་གྱུར་ཡོད་ལ། དེ་བས་བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་བོད་རིག་པ་ཞིབ་འཇུག་པ་གསོ་སྐྱོང་བྱས་ཏེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་བྱ་གཞག་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའོ།།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་སྒྲིག་ཞུས་ཆེན་པ་ལིས་ཧུང་ཡུས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཀྱིས་ཉེ་བའི་ལོ་ངོ་བཅུ་ཡི་རིང་ལ་བོད་རིག་པ་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་བཀོད་པའི་གནས་ཚུལ་དང་།  དུས་དེབ་ཨང་ཀི་ཅན་དུ་དར་སྤེལ་གཏོང་བའི་སྐོར་ གྱི་གཏམ་བཤད་སྤེལ།  ཁོང་གིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་དང་བོད་རིག་པའི་བྱུང་བ་ནས་གཞི་བརྩམས་ཏེ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་འབྲེལ་བའི་བོད་རིག་པའི་ཆེད་མཁས་པ་དང་།   སློབ་གྲྭའི་རིག་གཞུང་དུས་དེབ་སྟེང་དུ་བཀོད་པའི་བོད་རིག་པའི་དཔྱད་རྩོམ་གྱི་གནས་ཚུལ།   ཕྱི་རྒྱལ་གྱི་བོད་རིག་པའི་ལས་ཁུངས་དང་ཕན་ཚུན་བར་དུ་རིག་གཞུང་སྤེལ་རེས་དང་འབྲེལ་འདྲིས་བྱས་པའི་གནས་ཚུལ།    ད་དུང་བོད་རིག་པའི་དཔྱད་རྩོམ་གྱིས་དོ་སྣང་བྱ་ཡུལ་གྱི་གཙོ་བོའི་གླེང་གཞི་དང་དཔྱད་རྩོམ་གྱི་བརྗོད་བྱའི་ཁྱབ་ཁོངས་དང་བརྗོད་བྱའི་ཚད་ལྡན་བཅས་ངོ་སྤྲོད་ཞིབ་མོར་གནང་བ་རེད།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱ་ཡིག་དུས་དེབ་ཁང་གི་ཀྲུའུ་རིན་ཚའེ་ཞིའུ་ཆིན་གྱིས་དུས་དེབ་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་དོ་སྣང་བྱས་ཏེ་དུས་དེབ་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ།   ཁོ་མོའི་རང་ཉིད་ཀྱི་རྩོམ་སྒྲིག་ཉམས་མྱོང་གི་སྟེང་ནས་སྔོན་ཆད་དང་ད་ལྟའི་བར་དུ་བོད་རིག་པའི་འབྲེལ་ཡོད་ཀྱི་ཆེད་བཀོད་མིང་ཚིག་དང་ཐ་སྙད་བཀོད་སྐབས་རྙོག་དྲར་གྱུར་བ་དང་ཚད་ལྡན་མིན་པའི་སྣང་ཚུལ་དག་རྒྱུན་མཐོང་དཔེ་བརྗོད་མང་པོ་དང་སྦྱར་ནས་ངོ་སྤྲོད་ཞིབ་མོ་ཞིག་གནང་བ་དང་།  དུས་མཚུངས་སུ་ཚོགས་ཞུགས་པ་དང་དུས་དེབ་རྩོམ་སྒྲིག་པ་དག་ལ་བོད་རིག་པའི་ཆེད་ལས་བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བར་དོ་སྣང་ཆེས་ཆེར་བྱས་ཏེ།   ཀྲུང་གོའི་བོད་རིག་པ་འཛམ་གླིང་དུ་བསྐྱོད་པར་རྨང་གཞི་ལེགས་པོ་ཞིག་གཏོང་དགོས་པའི་རེ་སྐུལ་ཡང་ཞུས།    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་རིག་པ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུང་ལིན་ལིན་གྱིས་བོད་རིག་པའི་ཆེད་ལས་བརྡ་ཆད་གཅིག་གྱུར་དུ་གཏོང་བའི་གནད་དོན་ཞེས་པའི་གཏམ་བཤད་སྤེལ་བ་ཡང་བོད་རིག་པའི་ཆེད་ལས་བརྡ་ཆད་གཅིག་གྱུར་དུ་གཏོང་བ་དང་།   ཟུར་བལྟའི་ཡིག་ཆ་ཚད་ལྡན་དུ་གཏོང་བ།   དེ་མིན་རྩོམ་སྒྲིག་པ་གསོ་སྐྱོང་སྦྱོང་བརྡར་བྱེད་པ་དང་རྩོམ་སྒྲིག་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་བཅས་ཀྱི་སྐོར་ནས་དཔྱད་གླེང་གནང་བ་རེད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་རྟོག་ཞིབ་དང་ཆ་འཕྲིན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རིན་ཝང་ལིན་ཡན་གྱིས་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཞི་གྲངས་བང་མཛོད་འཛུགས་སྐྲུན་བྱེད་པ་ཞེས་པའི་གཏམ་བཤད་སྤེལ་བར།   མིག་སྔར་རྒྱལ་སྤྱིའི་སྟེང་གི་གཞི་གྲངས་བང་མཛོད་ཀྱི་ད་ལྟའི་གནས་བབ་དང་། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཞི་གྲངས་བང་མཛོད་འཛུགས་སྐྲུན་བྱས་པའི་གནས་ཚུལ་དང་དེའི་གལ་ཆེ་བའི་རང་བཞིན།   དེ་མིན་ལས་གཞི་གང་དེའི་དམིགས་འབེན་དང་མ་འོངས་པར་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་ངོ་སྤྲོད་ཞིབ་རྒྱས་སུ་གནང་བ་རེད།

བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དང་དེང་རབས་སློབ་གསོའི་ལག་རྩལ་ལྟེ་གནས་ཀྱི་ཚ་བར་ཁ་ངག་དཀོན་གྱིས་ཀྲུང་གོའི་བོད་ཡིག་གི་ཡིག་ཆའི་ཐོན་ཁུངས་དྲ་བ་འཛུགས་སྐྲུན་བྱེད་པའི་སྐོར་ཞེས་པའི་་གཏམ་བཤད་སྤེལ། ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཡིག་ཆའི་ཐོན་ཁུངས་དྲ་བའི་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་གནང་སྟེ།   མིག་སྔར་དེ་དག་གི་གཞི་གྲངས་བང་མཛོད་ཁྲོད་དུ་བོད་རིག་པའི་དུས་དེབ་དང་རབ་འབྱམས་སློབ་མའི་དཔྱད་རྩོམ་གྱི་གཞི་གྲངས་བང་མཛོད་ལེགས་འགྲུབ་བྱུང་ཡོད་པ་དང་།  དེ་ལ་བོད་ཡིག་དང་རྒྱ་ཡིག་གི་དྲ་ངོས་གཉིས་ཡོད་པས་ཞིབ་འཇུག་པ་དག་གིས་རིན་པ་སྤྲད་མི་དགོས་པར་བཀོད་སྤྱོད་བྱེད་ཆོག་མོད།     མིག་སྔར་སློབ་གྲྭ་གཅིག་པོའི་ཁྱབ་ཁོངས་ལས་བཀོད་སྤྱོད་བྱེད་བཞིན་པ་ལ། མི་འགྱངས་པར་རྒྱ་ཆེ་བའི་བོད་རིག་པ་ཞིབ་འཇུག་མཁན་དང་། བོད་ཡིག་གི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་། བོད་ཡིག་གི་དཔེ་དེབ་རྩོམ་སྒྲིག་ཁང་། དཔེ་སྐྲུན་སྡེ་ཁག་བཅས་ལ་ཞབས་ཞུ་བསྒྲུབ་ཐུབ་པར་བརྗོད། གཏམ་བཤད་འདིས་ནི་ཚོགས་ཞུགས་ཀྱི་འཐུས་མི་དག་ལ་མོས་པ་ཆེས་ཆེར་བསྐྱེད་དེ། བྱ་གཞག་འདིས་ནི་བོད་རིག་པའི་དུས་དེབ་དང་ལྷག་པར་དུ་བོད་ཡིག་སྐོར་གྱི་དུས་དེབ་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གྱི་ནུས་པ་ཐོན་ངེས་པར་གཞི་གཅིག་ཏུ་དགོངས་པའོ།།

དེ་ཡང་་གོམ་གང་མདུན་སྤོས་ཀྱིས་རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་དུས་དེབ་ཕན་ཚུན་བར་ལ་བརྗེ་རེས་བྱེད་པར་ཤུགས་སྣོན་རྒྱག་པ་དང་དུས་དེབ་གཉེར་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་།  བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་སྔར་བས་སྒོ་ནས་ལེགས་པར་མཚོན་པ་དང་རང་རྒྱལ་གྱི་བོད་རིག་པའི་བྱ་གཞག་མགྱོགས་ཤིང་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། མགྱོགས་མྱུར་ངང་བོད་རིག་པའི་དུས་དེབ་ཨང་གྲངས་ཅན་དུ་གཏོང་བ་དང་བོད་ཡིག་གི་དུས་དེབ་ཀྱི་དཔྱད་འཇོག་མ་ལག་འཛུགས་སྐྲུན་བྱེད་དགོས་པ་བཅས་ལ་དམིགས་ཏེ།  ཐེངས་འདིའི་ཚོགས་འདུ་གཉེར་མཁན་གྱི་ལས་ཁུངས་གཙོ་བོ་སྟེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཁང་གཉིས་ཀྱིས་སྣེ་ཁྲིད་དེ་ཚོགས་ཞུགས་མི་སྣ་དང་བཅས་པའི་རེ་སྐུལ་ནན་ཆེར་བྱས་འོག   ཚོགས་ཞུགས་འཐུས་མི་དག་ལ་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པ་དང་། ད་དུང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དུས་དེབ་འཐུས་ཚབ་ནས་ཆེད་དམིགས་ཚོགས་འདུ་འཚོགས་ནས་གྲོས་མོལ་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་མཛའ་འབྲེལ་ལྷན་ཚོགས་འཛུགས་རྒྱུ་གཏན་ལ་ཕབས།   མཛའ་འབྲེལ་ལྷན་ཚོགས་དེའི་འགོ་ཁྲིད་རྩ་འཛུགས་ཁྲོད་དུ་ཚོགས་གཙོ་མི་གཅིག་དང་།     ཚོགས་གཙོ་གཞོན་པ་མི་བཅུ་གཅིག   དྲུང་ཡིག་ཆེན་མོ་མི་གཅིག  དྲུང་ཡིག་གཞོན་པ་མི་ལྔ་བཅས་གཏན་འཁེལ་ཏེ་བསྐོ་བཞག་བྱས།  ཚོགས་གཙོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པའམ་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་གི་དབུ་གཙོ་དགྲ་འདུལ་དང་།  ཚོགས་གཙོ་གཞོན་པ་ ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཀྱི་གཙོ་སྒྲིག་པ་གཙོ་བོའམ་དགེ་རྒན་ཆེ་མོ་ཅ་ཀྲུང་དབྱི་དང་ མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་པར་གྱི་གཙོ་སྒྲིག་པ་གཞོན་པ་དང་མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་རིག་པ་གླིང་གི་དབུ་གཙོ་གཞོན་པ་ཟླ་བ་བཅས་ཡིན།    རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཛའ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་དུ་འཛུགས་རྒྱུར་ཐག་བཅད་པ་རེད།

མཐར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་གཙོ་གཞོན་པ་ཁྲིན་ཅན་ལུང་གིས་ཐེངས་འདིའི་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་སྤེལ།    ཁོང་གིས་ཐོག་མར་སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པའི་ཞིབ་འཇུག་དང་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུ་འདི་ནི། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་བོད་ལྗོངས་མགྱོགས་མྱུར་ངང་ཐོད་བརྒལ་གྱི་རྣམ་པ་ཞིག་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་འཚོགས་པ་འདི་ལ་གལ་ཆེ་བའི་དོན་སྙིང་ཆེས་ཆེར་ལྡན་པ་ཞིག་ཡིན།  གཉིས་ནས་ཚོགས་འདུ་འཚོགས་པ་ནི་བོད་རིག་པ་དུས་དེབ་ཀྱི་འཕེལ་རྒྱས་ཀྱི་འགོ་གསར་བ་ཞིག་བཙུགས་པ་ཡིན་ལ།   ཐེངས་འདིར་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཐུས་མི་རྣམ་པས་ཉམས་མྱོངས་བརྗེ་རེས་བྱས་པ་དང་། རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་ཀྱི་མཛའ་འབྲེལ་མཐུན་ཚོགས་སོགས་བཙུགས་པ་འདིས་མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ངེས་ཡིན། གསུམ་ནས་དུས་སྐབས་གསར་བ་དང་ལས་འགོ་གསར་བ་ཞིག་གི་ལམ་ནས་བོད་རིག་པ་ཞིབ་འཇུག་དང་བོད་རིག་པའི་དུས་དེབ་ལ་ཐབས་ལམ་གསར་བ་ཞིག་ལྡན་དགོས་ཞེས་ཕྱོགས་བསྡོམས་བྱས།

ཁྲིན་ཅན་ལུང་གིས་ད་དུང་ཐེངས་འདིའི་ཚོགས་འདུའི་གྲུབ་འབྲས་དེ་དག་དོན་དངོས་སུ་མགྱོགས་མྱུར་ངང་ལག་ལེན་བྱེད་ཐུབ་པ་དང་།   བོད་རིག་པའི་རིག་གཞུང་དུས་དེབ་དང་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་དེ་ནི་དེང་རབས་ཅན་གྱི་ལམ་ཀ་ནས་གང་མགྱོགས་ཀྱིས་ཨང་ཀི་ཅན་དུ་འཛུགས་སྐྲུན་བྱ་བ་མངོན་འགྱུར་ཡོང་བ་བྱས་ཏེ་བོད་རིག་པ་ཞིབ་འཇུག་གི་འཕེལ་རྒྱས་ལ་ཞབས་འདེགས་བཟང་པོ་བྱ་རྒྱུ་རེ་སྒུག་བྱས་ཡོད་པ་དང་།   རྒྱལ་ཡོངས་ཀྱི་བོད་རིག་པ་དུས་དེབ་མཛའ་འབྲེལ་ལྷན་ཚོགས་བཙུགས་པ་དེ་ཉིད་འབྲེལ་ལམ་དུ་བྱས་ནས་རྒྱལ་ཡོངས་བོད་རིག་པ་ཞིབ་འཇུག་དང་རིག་གཞུང་དུས་དེབ་ཀྱི་གྲོས་མོལ་ཚོགས་འདུ་འདི་རྒྱུན་མཐུད་ངང་འཚོགས་ཏེ།  བོད་རིག་པའི་དུས་དེབ་དེ་ཉིད་མགྱོགས་ཤིང་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་སྐུལ་འདེད་བཏང་ནས་ཀྲུང་གོ་རུ་གཞི་རྐང་ཚུགས་ཏེ་འཛམ་གླིང་དུ་བསྐྱོད་པའི་བརྗིད་ཉམས་ལྡན་པའི་དམིགས་འབེན་དེ་མངོན་འགྱུར་བྱ་རྒྱུར་རེ་སྒུག་བྱས་ཡོད་ཅེས་བསྟན།

ཚོགས་འདུའི་སྐབས་སུ་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་མིག་སྔར་སྲུང་སྐྱོབ་དང་ལེགས་སྒྲིག་བྱས་པའི་ཕུ་རིའི་ཡིག་ཚང་སྟེ།  ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང་རང་རྒྱལ་དུ་ས་འོག་ནས་ཐོན་པའི་ཆེས་རྙིང་ཤོས་དང་གྲངས་འབོར་ཆེས་མང་བའི་ཡིག་ཚང་གང་ལ་གཟིགས་ཞིབ་གནང་ལ།  ད་དུང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་ཕུན་སུམ་ཚོགས་པའི་༢༡༡འགྲེམ་སྟོན་ཁང་ལ་ལྟ་སྐོར་དུ་ཕྱིན་པ་དང་།  དེ་ནས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་ལྷོ་ཁའི་ཕྱོགས་སུ་འང་རིག་གཞུང་རྟོག་ཞིབ་གནང་བར་ཕྱིན། 

ཞིན་ཧྭ་གསར་འགྱུར་ཁང་དང་མི་དམངས་ཉིན་རེའི་ཚགས་པར།(རྒྱལ་ནང་གི་ཚགས་པར་དང་ཕྱི་རྒྱལ་གྱི་ཚགས་པར། )  འོད་ཟེར་ཚགས་པར།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཚགས་པར། བོད་ལྗོངས་ཉིན་རེའི་ཚགས་པར། དེ་མིན་བོད་ལྗོངས་བརྙན་འཕྲིན་ཁང་བཅས་ཀྱིས་ཐེངས་འདིའི་ཚོགས་འདུའི་མགོ་མཇུག་ཧྲིལ་བོ་དྲིལ་བསྒྲགས་གནང་ཡོད་ལ།  ཚོགས་འདུའི་འབྲེལ་ཡོད་ཀྱི་གནས་ཚུལ་དག་ཀྲུང་གོའི་སྲིད་གཞུང་གི་དྲ་བ་དང་ཞིན་ཧྭ་དྲ་བ།   བོད་ལྗོངས་སྲིད་གཞུང་གི་དྲ་བ།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ།   མི་དམངས་དྲ་བ། ཧྥིན་ཧོང་དྲ་བ།  དམངས་གསར་དྲ་བ།  སུའུ་ཧྥུའུ་དྲ་བ། བོད་ལྗོངས་རིག་གནས་དྲ་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དྲ་བ་བཅས་དྲ་བ་ཆེན་པོ་རྣམས་ཀྱིས་བརྒྱུད་འགོད་བྱས་ཡོད།

ཐེངས་འདིའི་གྲོས་མོལ་ཚོགས་འདུ་འདི་ལས་མདོར་ན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་མངོན་པ་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོར་གཏོང་བ།  ཀྲུང་གོའི་བོད་རིག་པ་དེ་ཉིད་མ་འོངས་པར་ཕྱོགས་ཏེ་འཛམ་གླིང་དུ་བསྐྱོད་པར་ངེས་པར་དུ་སྐུལ་འདེད་ཀྱི་ནུས་པ་ལྡན་པ་བཅས་པའི་དགེ་མཚན་དག་ལས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101