中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་སྒྲོག
མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། 2021-11-12 09:49:37 
(2021ལོའི་ཟླ11པའི་ཚེས11ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་།)
 

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2021ལོའི་ཟླ11པའི་ཚེས8ཉིན་ནས་ཚེས11ཉིན་བར་པེ་ཅིང་དུ་བསྡུས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན197དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན151ཞུགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་ཁ་ཤས་དང་ཆེད་མཁས་པ་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་བྱས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཚང་འཛོམས་གྲོས་ཚོགས་ནས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་ཉན་ནས་གྲོས་སྡུར་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། 《ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་ཀྱི་གྲོས་སྡུར་མ་ཡིག》སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།


ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས། ཚང་མས་བལྟས་ན། ལོ་གཅིག་གི་རིང་ལ། འཛམ་གླིང་སྟེང་ལོ་བརྒྱའི་རིང་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་དང་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་སྟེང་མཆེད་པའི་ཤུགས་རྐྱེན་བསྣོལ་མར་ཐེབས་པ་དང་། ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་ཛ་དྲག་ཏུ་གྱུར་ལ། རྒྱལ་ནང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ཧ་ཅང་ལྕི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བཅས་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མྱུར་དུ་བསྐྲུན་པ། དཔལ་འབྱོར་གྱི་འཕེལ་སྟངས་ཅུང་བཟང་པོ་སྲུང་འཛིན། ཚན་རྩལ་རང་ཚུགས་ཐུབ་པ་དང་རང་སྟོབས་རང་སྤེལ་ལེགས་པོ་བཅས་བྱས་ལ། བཅོས་སྒྱུར་སྒོ་འབྱེད་རྒྱུན་མ་ཆད་པར་ཟབ་སྤེལ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་མོ་ལས་དུས་ལྟར་རྣམ་པར་རྒྱལ་བར་བྱས་ཤིང་། དམངས་ཚིས་འགན་སྲུང་ནུས་ལྡན་གྱིས་ལེགས་བཅོས་བྱས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ཡོང་བར་བྱས་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཏན་ཏིག་གིས་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཕྱོགས་ཡོངས་ནས་སྤེལ་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ནུས་ལྡན་ངང་སྤེལ་བ། རང་བྱུང་གནོད་འཚེ་ཚབས་ཆེན་མང་པོ་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་གསར་དུ་གལ་ཆེ་བའི་གྲུབ་འབྲས་གསར་པ་བླངས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལེགས་པོར་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དངོས་སུ་ཁྱབ་བསྒྲགས་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤོབས་པ་ཆེན་པོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པའི་སྟེང་མདུན་སྐྱོད་བྱེད་དགོས་པའི་སྐུལ་མ་གནང་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བལྟས་ན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྤྱི་སྡོམ་བྱེད་པ་ནི། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་པའི་དགོས་མཁོ་ཡིན་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། བགྲོད་ལམ་གྱི་རང་རྟོན་དང་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཇེ་བརྟན་དུ་བཏང་སྟེ། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་པའི་དགོས་མཁོ་ཡིན་ལ། ཏང་གིས་རང་ཉིད་གསར་བརྗེ་བྱེད་པ་དང་། ཏང་ཡོངས་ཀྱི་འཐབ་འཛིང་ནུས་པ་དང་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་བ། ཏང་ལ་རྟག་ཏུ་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པར་བྱེད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་ཡིན། ཏང་ཡོངས་ཀྱིས་དངོས་གཙོ་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་ང་ཚོ་སྔོན་ཆད་ཅིའི་ཕྱིར་ལེགས་འགྲུབ་བྱུང་ཐུབ་པ་གསལ་པོར་མཐོང་བར་བྱེད་པ་དང་། ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མ་འོངས་པར་མུ་མཐུད་དུ་ལེགས་འགྲུབ་འབྱུང་ཐུབ་པ་གསལ་པོར་ཤེས་པར་བྱས་ནས། སྔར་ལས་འགྱུར་མེད་དང་སྔར་ལས་རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་སྔར་ལས་བཟང་པོ་བྱེད་དགོས།


ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གཅིག་སྟོང་དགུ་བརྒྱ་ཉེར་གཅིག་ལོར་དབུ་བརྙེས་པའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་སེམས་འདུན་དང་འགན་འཁྲི་རུ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ཡོང་བ་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ཏེ། ལོ་ངོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་བསྙེགས་ཡོད། ཏང་དང་མི་དམངས་ཀྱི་ལོ་བརྒྱའི་འབད་འཐབ་ལས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་ཆེས་གཟི་འོད་འབར་བའི་ལོ་རྒྱུས་སྙན་རྩོམ་བྲིས་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུན་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གཞི་རྩའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན། གསར་བརྗེའི་འཐབ་རྩོད་སྐབས་སུ། བློ་མཐུན་མའོ་ཙེ་ཏུང་འཐུས་ཚབ་པ་གཙོ་བོ་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། དཀའ་སྤྱད་ཀྱིས་འཚོལ་ཞིབ་དང་རིན་དོད་ཆེན་པོ་བཏང་བ་ལས་བསགས་པའི་གསར་གཏོད་རང་བཞིན་གྱི་ཉམས་མྱོང་རབ་དང་རིམ་པ་གཞུང་ལུགས་ལྟར་ཕྱོགས་བསྡུས་བྱས་ཏེ། གྲོང་གསེབ་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཆས་ལ་བརྟེན་ནས་སྲིད་དབང་འཕྲོག་པའི་ཡང་དག་པའི་གསར་བརྗེའི་བགྲོད་ལམ་གསར་དུ་བཏོད་པ་དང་། མའོ་ཙེ་ཏུང་གི་དགོངས་པ་ཆགས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་ལེན་པར་ཡང་དག་པའི་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲག་བཞུར་དམར་འཛིང་དང་སྤོབས་པ་ཉམས་མེད་ངང་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས་ཐོག ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་དང་བཀས་བཀོད་རྒྱུན་འཛིན་ཕྱེད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྩ་བ་ནས་འཇུག་རྫོགས་པར་བྱས་པ་དང་། བཤུ་གཞོག་མཁན་ཉུང་ཤོས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་ལོ་རྒྱུས་རྩ་བ་ནས་མཇུག་རྫོགས་པར་བྱས་ཡོད་ལ། ཀྲུང་གོ་རྙིང་པའི་བྱེ་མའི་ཆིངས་བུ་ལྟར་ཐོར་བའི་རྣམ་པ་རྩ་བ་ནས་མཇུག་རྫོགས་པར་བྱས་པར་མ་ཟད། བཙན་རྒྱལ་དག་གིས་ཀྲུང་གོའི་མགོར་བཙན་འཇོག་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་བཙན་རྒྱལ་རིང་ལུགས་ཀྱི་ཀྲུང་གོའི་ཁྱད་དབང་ཡོད་ཚད་རྩ་བ་ནས་མེད་པར་བཟོས་ཏེ། ཀྲུང་གོ་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཅན་གྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་བར་གྱི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། འཛམ་གླིང་གི་ཆབ་སྲིད་གནས་བབ་ལའང་འགྱུར་ལྡོག་ཆེན་པོ་བཏང་ཡོད། དེ་ལས་འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་བའི་མི་རིགས་དང་གཉའ་གནོན་མྱོང་བའི་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་སྐུལ་མ་བཏང་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་གང་འདོད་ལྟར་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་ཕྱིར་ལྡོག་མི་སྲིད་ལ། ཀྲུང་གོའི་འཕེལ་རྒྱས་དུས་དེ་ནས་བཟུང་དུས་སྐབས་གསར་པ་ཞིག་གི་མགོ་བརྩམས་པ་བརྗིད་ཉམས་དང་བཅས་ཁྱབ་བསྒྲགས་བྱས་ཡོད།


ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་བ་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གཞི་རྩའི་ཆབ་སྲིད་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་དེ་ཡིན། དུས་སྐབས་དེར་བློ་མཐུན་མའོ་ཙེ་ཏུང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་བཏོན། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྲུང་གོ་རུ་གསར་གཏོད་རང་བཞིན་ལྡན་པའི་བེད་སྤྱོད་དང་གོང་སྤེལ་བྱས་པ་ཡིན་ཞིང་། ལག་ལེན་གྱི་བདེན་དཔང་ཐོབ་པའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་ཡང་དག་པའི་གཞུང་ལུགས་རྩ་དོན་དང་ཉམས་མྱོང་སྤྱི་བསྡོམས་བྱས་པ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐོག་མ་ཡིན། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རང་སྟོབས་རང་སྤེལ་དང་བརྩོན་སེམས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་བཅོས་སྒྱུར་མངོན་འགྱུར་བྱས་ལ། དབུལ་ཕོངས་དང་མི་གྲངས་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་བགྲོད་པའི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱས། རང་རྒྱལ་གྱིས་སྒེར་ཚུགས་ཡིན་ཞིང་ཅུང་འཐུས་སྒོ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བཙུགས་པས། ཞིང་ལས་ཐོན་སྐྱེད་ཆ་རྐྱེན་ལ་ལེགས་བཅོས་མངོན་གསལ་ཐོབ་པ་དང་། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་ལ། མི་དམངས་བཅིངས་འགྲོལ་དམག་སྔར་ལས་དར་རྒྱས་གོང་འཕེལ་བྱུང་སྟེ་ ཀྲུང་གོ་རྙིང་པའི་བརྙས་བཅོས་རང་བཞིན་གྱི་ཕྱི་འབྲེལ་རྩ་བ་ནས་མཇུག་བསྒྲིལ་བར་བྱས། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འཐབ་རྩོད་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོའི་མི་དམངས་ནི་འཇིག་རྟེན་རྙིང་པར་གཏོར་བརླག་གཏོང་མཁས་པ་དང་། འཇིག་རྟེན་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་མཁས་ལ། སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་ཀྲུང་གོ་འཕེལ་རྒྱས་སུ་གཏོང་ཐུབ་པ་བརྗིད་ཉམས་དང་བཅས་ཁྱབ་བསྒྲགས་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པར། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི། ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཡང་དག་པའི་བགྲོད་ལམ་མུ་མཐུད་དུ་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་ནས། མི་དམངས་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་མྱུར་མོར་འབྱོར་ཕྱུག་ཏུ་འགྱུར་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་པ་རྒྱས་པའི་སྒྲིག་སྲོལ་གྱི་ཁག་ཐེག་དང་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱེད་པ་དེ་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བློ་མཐུན་ཏིང་ཞའོ་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་སྤྱི་བསྡོམས་གཏིང་ཟབ་བྱས་ཤིང་།  སྤྱི་ཚོགས་རིང་ལུགས་ཅི་འདྲ་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་ལ་དམིགས་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་བསྒྱུར་བ་དང་བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་ནས། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་པར་གསལ་སྟོན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་ཡོད་ལ། རང་ཉིད་ཀྱི་བགྲོད་ལམ་བསྙེག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུ་གསལ་པོར་བཏོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་བར་དུ་གོམ་རིམ་གསུམ་གྱིས་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བདེ་བླག་ངང་གསར་སྐྲུན་བྱས།


ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ། བློ་མཐུན་ཅང་ཙེ་མེན་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཏང་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ། ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་བཅས་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་ནས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཆེན་པོ་བྱུང་བའི་འགྲན་རྩོད་ཆེན་པོའི་མདུན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྲུང་སྐྱོབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ཁེལ་བྱས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་དབང་ལམ་ལུགས་གཙོར་བྱེད་པ་དང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོར་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་གནས་ཀྱི་བགོ་བཤའི་ལམ་ལུགས་གཏན་ཁེལ་བྱས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་ལ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་དུས་རབས་ཉེར་གཅིག་པར་གོང་འཕེལ་དུ་བཏང་།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་རྗེས་སུ། བློ་མཐུན་ཧུའུ་ཅིན་ཐའོ་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ལག་ལེན་གྱི་གསར་གཏོད་དང་གཞུང་ལུགས་ཀྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་བྱས་པ་དང་། གནས་བབ་གསར་པའི་འོག་འཕེལ་རྒྱས་ཅི་འདྲ་ཞིག་མངོན་འགྱུར་བྱེད་པ་དང་། ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་སོགས་གནད་དོན་གཙོ་བོར་ངོས་འཛིན་གཏིང་ཟབ་བྱས་པ་མ་ཟད་ལན་བཏབ་ལ། ཚན་རིག་གི་འཕེལ་རྒྱས་ལྟ་བ་གྲུབ་པར་བྱས་ཏེ། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱས་པ་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་གཉེར་ལ། མི་གཙོར་འཛིན་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་མཐུན་སྦྱོར་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། དམངས་ཚིས་ཧུར་ཐག་གིས་འགན་སྲུང་དང་ལེགས་བསྒྱུར་བྱས་ལ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད་བཏང་བ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱས་པས། གནས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བདེ་བླག་ངང་རྒྱུན་འཁྱོངས་བྱས་པ་དང་འཕེལ་རྒྱས་སུ་བཏང་།


ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དུས་སྐབས་དེར་ཏང་གིས་ལག་ལེན་གསར་པ་དང་དུས་རབས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱས་པར་མ་ཟད་གོང་འཕེལ་དུ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་འཕེལ་རྒྱས་ཀྱི་དུས་རིམ། རྩ་བའི་ལས་འགན། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་འཐབ་ཇུས། ཆབ་སྲིད་འགན་སྲུང་། མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས། མགོ་ཁྲིད་སྟོབས་ཤུགས་དང་རྒྱབ་རྟེན་སྟོབས་ཤུགས་སོགས་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གྲུབ་པར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཐད་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་ཡར་བརྩོན་ལྷོད་མེད་བྱས་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ་དང་། རང་རྒྱལ་གཅིག་བསྡུས་མཐོན་པོ་ཡིན་པའི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དུ་བསྒྱུར་བ་དང་བཀག་སྡོམ་དང་བཀག་སྡོམ་ཕྱེད་མ་ནས་ཁྱོན་ཡོངས་སྒོ་འབྱེད་དུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ལ། ཐོན་སྐྱེད་ནུས་ཤུགས་ཅུང་རྗེས་ལུས་ཡིན་པའི་གནས་བབ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱས་པ་དང་། མི་དམངས་ཀྱི་འཚོ་བ་དེ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་ལ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱས་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བའི་རླབས་ཆེན་གྱི་འཕུར་སྐྱོད་མངོན་འགྱུར་བྱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་འཛིང་རྟུལ་ཕོད་ཀྱི་འཐབ་རྩོད་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་གནད་འགག་གི་བྱེད་ཐབས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་གཏོང་བར་སྣེ་ཁྲིད་བྱེད་པའི་བགྲོད་ལམ་ཡང་དག་ཡིན་ལ། ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་བསྙེགས་པ་བརྗིད་ཉམས་དང་བཅས་ཁྱབ་བསྒྲགས་བྱས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས། ཏང་གི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པའི་མགོ་བརྩམས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་གལ་ཆེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་དེ་ཡིན། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རང་རྟོན་རང་འཕེལ་དང་དག་སྲུང་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བསྐྲུན།


ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་སྦྲེལ་ དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་དང་ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ལ། ཏང་དབུ་བརྙེས་པའི་ཚུན་གྱི་ལོ་རྒྱུས་ཉམས་མྱོང་སྤྱི་སྡོམ་ཟབ་མོ་བྱས་པར་མ་ཟད་བཀོལ་སྤྱོད་གང་ལེགས་བྱས་པ་དང་། གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་དུ་བཏོད། བློ་མཐུན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་འབྲེལ་བའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་དང་ལག་ལེན་གནད་དོན་ལ་བསམ་གཞིགས་ཞིབ་མོ་བཏང་བ་དང་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱས་ལ། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་ལྟ་བུ་ཞིག་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཡུན་རིང་བོར་སྲིད་འཛིན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ། ཡུན་རིང་བོར་སྲིད་འཛིན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ལ་དམིགས་ནས། གསར་གཏོད་རང་བཞིན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གསར་གཏོད་པ་གཙོ་བོ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་ཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ཁེལ་བྱས་པ་ལས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་མངོན་པར་བྱས་ཡོད་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་ཆེན་དང་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ། འགན་འཁྲིའི་ཁག་ཁུར་དྲག་པོ་བཅས་ལ་བརྟེན་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བྱས་པ་དང་། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་དངོས་སུ་བཏོན་ལ།  བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས། ཉེན་ཁ་དང་འགྲན་རྩོད་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བར་བྱས་པ་དང་། དུས་ཡུན་རིང་པོར་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་ལ། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་དུ་བཅུག

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཐད། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཁག་ཐེག་ནུས་ལྡན་བྱུང་བ་དང་། ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་མ་ཆད་པར་འཐུང་ཚང་དུ་ཕྱིན་ལ། ཏང་གི་མགོ་ཁྲིད་བྱེད་སྟངས་སྔར་ལས་ཚན་རིག་དང་མཐུན་པར་གྱུར་བ་དང་། ཏང་ཡོངས་ཀྱི་བསམ་བློའི་སྟེང་དུ་སྔར་མེད་ཀྱི་གཅིག་གྱུར་དང་ཆབ་སྲིད་སྟེང་དུ་སྔར་ལས་མཐུན་སྒྲིལ། སྦྱོར་བའི་སྟེང་དུ་སྔར་ལས་གཅིག་གྱུར་བཅས་བྱུང་བས། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད། ཏང་གི་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཡང་ལྷོད་འཇམ་གསུམ་གྱི་སྣང་ཚུལ་རྩ་བ་ནས་འགྱུར་ཏེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་སྟེ་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན་པ་དང་། གསར་བརྗེ་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད། དཔལ་འབྱོར་འཛུགས་སྐྲུན་ཐད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། སྔར་ལས་དྲང་གཞག་དང་སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད། ཏང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཡངས་ཚད་དང་ཟབ་ཚད་ཆེ་རུ་བསྐྱེད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་ངེས་གཏན་བྱུང་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད། ཆབ་སྲིད་འཛུགས་སྐྲུན་གྱི་ཐད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་བཏང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འཕེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་པས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གཏན་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྔར་ལས་སྲ་བརྟན་དང་གོང་སྤེལ་བཏང་ཡོད། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ལ། ཏང་གིས་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་མགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། རིག་གནས་འཛུགས་སྐྲུན་ཐད། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་རང་རྟོན་མངོན་གསལ་གྱིས་ཆེ་རུ་ཕྱིན་ལ།  སྤྱི་ཚོགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ནས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་པར་བསམ་བློའི་འགན་སྲུང་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། སྤྱི་ཚོགས་འཛུགས་སྐྲུན་ཐད། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ལ། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་བརྟན་འཇགས་ཡིན་ལ་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་གོང་འཕེལ་དུ་བཏང་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་ངོ་མཚར་རྣམ་པ་བསྐྲུན་ཡོད།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད། ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་ཆེན་པོ་སྤོས་པས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད། མི་དམངས་དམག་དཔུང་ལ་སྤྱི་ཡོངས་རང་བཞིན་དང་གསར་བརྗེ་རང་བཞིན་གྱི་བསྐྱར་སྐྲུན་དང་བསྐྱར་སྒྲིག་གི་རྣམ་པ་གསར་པ་ཐོན་པ་དང་། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་དུས་མཉམ་དུ་ཆེས་ཆེར་ཕྱིན་ལ། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ནས། ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་སྦྱོར་བ་དངོས་ཀྱི་སྟེང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་རྩོད་ཅི་རིགས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱུང་བས། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་སྐྱོང་བདེ་འགོད་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད། ཏང་ཀྲུང་དབྱང་གིས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་པས་ཨའོ་མིན་སྐྱོང་བའི་བྱེད་ཐབས་བློ་རྩ་བརྟན་པོས་དོན་འཁྱོལ་བྱས་ནས། ཞང་ཀང་གི་སྔར་གྱི་ཟང་ཟིང་གི་རྣམ་པ་ནས་བཅོས་སྐྱོང་གི་རྣམ་པར་འགྱུར་བར་སྐུལ་འདེད་བཏང་བ་དང་། ཞང་ཀང་དང་ཨའོ་མིན་གཉིས་ཀ་ཁྲིམས་ལྟར་སྐྱོང་བ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་བར་རྨང་གཞི་བརྟན་པོ་བཏིངས་ཤིང་། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་། ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་དུ་བཟུང་ཡོད། ཕྱི་འབྲེལ་ལས་དོན་ཐད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་འདོམས་བྱེད་པའི་དར་ཆ་གསལ་པོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་མོའི་ཁྲོད་གསར་གཏོད་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་འཛམ་གླིང་གི་ཟང་ཟིང་གནས་བབ་ཁྲོད་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་ནས། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས། འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་ཆེན་བསུས་པ་བརྗིད་ཉམས་དང་བཅས་ཁྱབ་བསྒྲགས་བྱས།

ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་བསྟན་ཡོད་པ་སྟེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར་བ་དང་། ཀྲུང་གོའི་མི་དམངས་བརྙས་བཅོས་མྱོང་བ་དང་གཉའ་གནོན་མྱོང་བ། བྲན་གཡོག་བྱེད་པ་བཅས་ཀྱི་ལས་དབང་ལས་ཐར་ཏེ། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་པ་དང་། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་པའི་བགྲོད་ལམ་བཏོད་པ་དང་། ཀྲུང་གོས་ལོ་ངོ་བཅུ་ཕྲག་འགའ་ལས་མ་བཀོལ་བར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་བརྒྱ་ཕྲག་འགར་བསྐྱོད་མྱོང་བའི་བཟོ་ལས་ཅན་གྱི་ལམ་དུ་བསྐྱོད་ནས། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཀྱི་ངོ་མཚར་མཛད་རྗེས་ཆེན་པོ་གཉིས་བསྐྲུན་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཀྲུང་གོ་ནས་ཞིབ་བཤེར་གང་ལེགས་ཐོབ་ཅིང་། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོ་ནས་ལག་བསྟར་གང་ལེགས་བྱུང་ལ། མར་ཁེ་སི་རིང་ལུགས་ཀྱི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོ་ནས་མངོན་མཚོན་གང་ལེགས་བྱུང་བ། ཏང་གི་ལོ་འབད་འཐབ་ཀྱིས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་རྒྱལ་ཁའི་ངང་བསྐྱོད་ནས།  མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བཏོད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་ཐབས་ལམ་རྒྱ་བསྐྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་ཞུན་བརྡར་བྱས་ནས། རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་ཡིན་པའི་སྙིང་སྟོབས་མ་ལག་གྲུབ་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བྱས་ཤིང་། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཏང་ཞིག་ཡིན་པར་ངོ་གནོང་མི་དགོས་པ་བཅས་རེད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ལོ་ངོ་བརྒྱ་ཡི་རིང་ལ་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རླབས་ཆེན་འབད་འཐབ་བྱས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་སྟེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས། གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས། རང་བཙན་རང་བདག་རྒྱུན་འཁྱོངས། ཀྲུང་གོའི་བགྲོད་ལམ་རྒྱུན་འཁྱོངས།  གནམ་འོག་ཡིད་ལ་བཅངས་པ་རྒྱུན་འཁྱོངས། གསར་གཏོད་གསར་སྐྲུན་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བཅས་བྱེད་དགོས།  ཕྱོགས་བཅུ་པོ་འདི་ནི་ཡུན་རིང་ལག་ལེན་བྱས་ནས་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་མཉམ་དུ་བསྐྲུན་པའི་བསམ་པའི་རྒྱུ་ནོར་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཐོག་མའི་བསམ་འདུན་མ་བརྗེད་ན།། ནམ་ཞིག་འདོན་དོན་ཡིད་བཞིན་འགྲུབ།།  ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་རླབས་ཆེན་བྱ་གཞག་བསྒྲུབ་པའི་དམ་བཅས་ཡོད་ལ། ལོ་བརྒྱ་ནི་ཏག་ཏག་གནད་འགག་གི་དུས་སྐབས་རེད། འདས་ཟིན་པའི་ལོ་ངོ་བརྒྱ་ཡི་ནང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྒྱུགས་གཞི་ལེགས་པོ་ཞིག་སྤྲད་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལམ་དུ་སྐྱོད་བཞིན་ཡོད། ཏང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཅི་འདྲའི་ཏང་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་ངེས་པར་བྱས་ཏེ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་འཐབ་བཅས་བྱེད་པ་དང་། ཉེན་ཁ་གང་ལའང་མི་སྐྲག་པ་དང་འགོག་རྐྱེན་གང་ལའང་མ་འཛེམ་པར་རྩ་བ་རང་བཞིན་གྱི་གནད་དོན་ཐད་ནས་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་འབྱུང་བར་བྱས་ཏེ། བརྩོན་པའི་རྒྱུན་མ་ལྷོད་པར་གཏན་ཁེལ་གྱི་དམིགས་འབེན་མངོན་འགྱུར་བྱས་ནས་རིག་པ་གསལ་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་ལྷོད་མེད་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ།བྱེད་ཐབས་བཅས་བཀོལ་ནས་དུས་རབས་ལ་ལྟ་ཞིབ་བྱེད་པ་དང་དུས་རབས་ལ་གདེང་ཚོད་ཡོད་པ། དུས་རབས་ལ་སྣེ་ཁྲིད་པ་བཅས་བྱས་ཏེ། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏང་དགོས། ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ།  “འདུ་ཤེས་བཞི”ཇེ་དྲག་གཏོང་བ་དང་“རང་རྟོན་བཞི་”ཇེ་བརྟན་གཏོང་བ།  “སྲུང་སྐྱོང་གཉིས་”ལེགས་པོར་བསྒྲུབ་པ།  མ་ལག་འདུ་ཤེས་རྒྱུན་འཁྱོངས། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་འདོམ་གྱིས་སྐུལ་འདེད། “ཁྱོན་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་སྐུལ་འདེད་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མྱུར་དུ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་ཐུབ་པ་དང་རང་སྟོབས་རང་སྤེལ་ལ་ཡར་སྐུལ་བྱེད་པ། མི་དམངས་དམངས་གཙོའི་བརྒྱུད་རིམ་ཧྲིལ་བོ་འཕེལ་རྒྱས་གཏོང་བ།མི་དམངས་རང་ཁྱིམ་རང་བདག་ཁག་ཐེག་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམ་བྱེད་པ།མགྱོགས་མྱུར་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བ།མི་དམངས་ཕྱུག་པོར་གཏོང་བ་དང་རྒྱལ་ཁབ་སྟོབས་ལྡན་ཏུ་གཏོང་བ།ཀྲུང་གོ་མཛེས་སྡུག་ལྡན་ཅན་ཏུ་གཏོང་པ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་གཏན་དུ་རྒྱུན་འཁྱོངས་བྱས་ཏེ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་ནས་རྒྱུན་ཆད་མེད་པར་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གང་ལེགས་སྒོས་མངོན་འགྱུར་དང་གང་ལེགས་སྒོས་སྲུང་སྐྱོབ།གང་ལེགས་སྒོས་འཕེལ་རྒྱས་སུ་བཏང་ནས།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།རྒྱུན་ཆད་མེད་པར་མཛེས་སྡུག་ལྡན་པའི་འཚོ་བ་གསར་བའི་ཆེད་དུ་འབད་འཐབ་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་།བདེ་ཆག་རོལ་རྩེད་བྱས་ན་འཇིག་པར་འགྱུར་བ་འདི་ཡིད་ལ་བརྗེད་མེད་དུ་བཟུང་ཞིང་།ཕུགས་ཡུན་གྱི་ཉམས་ཉེན་རྟག་དྲན་དང་བདེ་སྡོད་ཉེན་བསམ་བྱས་ཏེ།དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ།བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཀའ་ཚེགས་ཐེག་མི་ཐུབ་པ་དང་ཕམ་ཉེས་སུ་མི་འགྲོ་བ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་ཀྱིས་རླབས་གཤགས་ངང་ཞུམ་མེད་མདུན་སྐྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ2022ལོའི་ལོ་སྨད་དུ་པེ་ཅིན་དུ་འཚོག་པར་གཏན་འབེབས་བྱས།ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ང་ཚོའི་ཏང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་བའི་ཕྱོགས་སུ་དཔུང་འཇུག་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་འཚོག་རྒྱུའི་འཐུས་མིའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ།ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཏང་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཁྲེགས་གཏོར་དཀའ་སེལ་དང་གསར་གཏོད་ཡར་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་སྔར་ལས་བྱས་རྗེས་བཞག་སྟེ།གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་སྔོན་བསུ་བྱེད་དགོས།

ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།  ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་བརྗེད་མི་རུང་ལ།དེ་རིང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་པ།འབྱུང་འགྱུར་གྱི་ཕུགས་འདུན་རླབས་ཆེན་སྟོང་ཟད་དུ་མི་གཏོང་བ།ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་པ་གསར་གཏོད་བྱེད་པ།དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ།བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ།བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་བཏང་བ་རེད། འདས་ཟིན་པའི་ལོ་ངོ་བརྒྱའི་ནང་རྒྱལ་ཁ་ཐོབ་པ་དང་གཟི་བརྗིད་རླབས་ཆེན་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་བའི་ཐོག་རྒྱལ་ཁ་དང་གཟི་བརྗིད་རླབས་ཆེན་འཐོབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།




(编辑:རིན་ཆེན་རྡོ་རྗེ། )
中国藏文学术期刊网
中国藏学研究中心版权所有,未经允许不得转载使用     京ICP备06045333号-2
地址:北京市朝阳区北四环东路131号  邮编:100101