中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
༄༅། །བདུན་གཅིག་ཚོགས་ཆེན་གྱི་གསུང་བཤད་ཆ་ཚང་།
庆建党100周年大会上的讲话全文(藏文)
༄༅། །ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་

འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

(༢༠༢༡ལོའི་ཟླ༧ཚེས༡ཉིན)
ཞི་ཅིན་ཕིང་།

     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ། 
     དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་ཞིང་བརྗིད་ཉམས་ཆེ་བའི་ཉིན་མོ་ཞིག་ཡིན། ང་ཚོས་འདི་གར་ལྷན་འཛོམས་གཟབ་རྒྱས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་སྦྲགས། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་ལྟ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་ཞིག་བྱེད།
    ཐོག་མར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན།
    འདི་གར། ངས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་བརྗིད་ཉམས་དང་ལྡན་པའི་ངང་ཁྱབ་བསྒྲགས་བྱ་རྒྱུར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ང་ཚོའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཤིང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་ཆེན་ཞིག་དང་། ཀྲུང་གོའི་མི་དམངས་ཀྱི་གཟི་བརྗིད་རླབས་ཆེན་ཞིག ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་ཆེན་ཞིག་བཅས་ཡིན།
    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
    ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། འདིར་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པ་མ་ཟད། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ལ་བསུབ་ཐབས་མེད་པའི་བྱས་རྗེས་ཀྱང་བཞག་ཡོད། 1840ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས། ཀྲུང་གོ་འདི་ཉིད་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་ནས། ཕྱི་ཡི་བརྙས་བཅོས་མྱོང་བ་དང་། མི་དམངས་སྡུག་ལ་སྦྱོར་བ། ཤེས་དཔལ་དྲི་མས་སྦགས་པ་བཅས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་ཚབས་ཆེན་བྱུང་ཡོད། དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་ཏུ་གྱུར་ཡོད།
     མི་རིགས་འཇིག་པའི་ཉེན་ཁ་ལས་སྐྱོབ་ཆེད། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་། ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་འབོད་སྐུལ་འོག་ཐའེ་ཕིན་ཐེན་གོའི་ལས་འགུལ་དང་། ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་གྱི་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་རྒྱལ་སྐྱོབ་ཇུས་གཞིའི་ལས་འགུལ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད་མོད། མཐར་ཚང་མ་ཕམ་ཉེས་བྱུང་ནས་མཇུག་བསྒྲིལ། མཚམས་དེའི་ཀྲུང་གོར་བསམ་བློ་གསར་པས་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ལ་ཁྲིད་སྟོན་ཞིག་དང་། རྩ་འཛུགས་གསར་པས་གསར་བརྗེའི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྒྲ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ནས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གོ་རྟོགས་སད་པའི་བྱ་གཞག་རླབས་པོ་ཆེའི་ཁྲོད་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་པོ་བྱེད་པའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཡོད། ཀྲུང་གོར་གུང་ཁྲན་ཏང་ཐོན་པ་དེ་ནི་སྔར་བྱུང་མྱོང་མེད་པའི་དོན་ཆེན་ཞིག་ཡིན་ཞིང་། དེས་ཀྲུང་གོའི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་འཚོལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་དུ་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་ཚང་མ་མདོར་བསྡུས་ནས་བརྗོད་ན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན།
     ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁྲག་བཏོན་དམར་འཛིང་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད། ང་ཚོས་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་ནས་དྲག་པོའི་གསར་བརྗེས་དྲག་ཤུགས་ཀྱི་གསར་བརྗེར་ངོ་རྒོལ་པར་ངོ་རྒོལ་དང་། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཡོད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས། ཀྲུང་གོ་རྙིང་པའི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡོངས་སུ་མཇུག་བསྒྲིལ་བ་དང་། ཀྲུང་གོ་རྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་ཡོངས་སུ་མཇུག་བསྒྲིལ་བ། ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་། ཀྲུང་གོར་ཡོད་པའི་བཙན་དབང་རྒྱལ་ཁབ་དག་དང་། ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་མེད་པར་བཟོས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་གཞི་རྩའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་མི་དམངས་ཡར་ལངས་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་གང་འདོད་མནར་གཅོད་དང་། བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་སླར་ཡང་འཆར་མི་ཐུབ་ཅེས་བརྗིད་ཉམས་ཆེན་པོའི་ངང་ཁྱབ་བསྒྲགས་བྱས་ཡོད།
     ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་སྟོབས་རང་སྤེལ་དང་། འབད་འབུངས་ཡར་བརྩོན་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་བཏོད་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བརྒྱུད། ལོ་སྟོང་ཕྲག་ཁ་ཤས་ཀྲུང་གོར་གནས་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་གཉའ་གནོན་གྱི་ལམ་ལུགས་མེད་པ་བཟོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད། བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་གཏོར་བཤིག་དང་དྲག་པོའི་འཁྲུག་སློང་ལས་རྣམ་པར་རྒྱལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། དབུལ་ཞིང་ཕོངས་ལ་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་རྒྱུའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་མངོན་འགྱུར་བཅས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་མི་དམངས་ནི་སྤྱི་ཚོགས་རྙིང་པ་ཞིག་གཏོར་མཁས་པ་མ་ཟད། སྤྱི་ཚོགས་གསར་པ་ཞིག་འཛུགས་མཁས་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པ་བཅས་བརྗིད་ཉམས་ཆེན་པོའི་ངང་ཁྱབ་བསྒྲགས་བྱས་ཡོད།
     ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཐོག སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་བཏོད་ཡོད། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་གི་ལོ་རྒྱུས་ཐོག་རྒྱང་རིང་ཞིང་གཏིང་ཟབ་ལ་དོན་སྙིང་ལྡན་པའི་ཁ་ལོ་སྒྱུར་མཚམས་རླབས་པོ་ཆེ་ཞིག་མངོན་འགྱུར་བྱུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་འདེད། ཕྱོགས་གང་ཅིའི་ཐད་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་། མཐའ་འཁྱོངས། སྲུང་སྐྱོབ། གོང་སྤེལ་བཅས་བྱས་ནས་གཅིག་བསྡུས་ཆེ་བའི་འཆར་ལྡན་དཔལ་འབྱོར་གྱི་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་། བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་ནས་སྒོ་དབྱེ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་མངོན་འགྱུར་བྱུང་བ། ཐོན་སྐྱེད་ནུས་ཤུགས་ལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་སྣང་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་དང་། མི་དམངས་ཀྱི་འཚོ་བའི་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ལྟ་བུ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྒྲིག་སྲོལ་འགན་ལེན་གྱི་གསོན་ཤུགས་གསར་པ་དང་། འཕེལ་རྒྱས་མགྱོགས་པོ་ཡོང་བའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་བསྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ལ་ཐུག་པའི་འགག་གནད་ཅིག་ཡིན་པ་དང་། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་ཡོད་ཅེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།
     ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་རྟོན་རང་སྟོབས་ལྡན་པ་དང་། དྲང་ཚུགས་གསར་གཏོད་ཀྱིས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲབ་འབྲས་རླབས་ཆེན་བཏོད་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ང་ཚོས་ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེ་ལ་ཤུགས་སྣོན་བརྒྱབ་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་འདོམས་ལ་གཅིག་གྱུར་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད། སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པ་དང་། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བཅས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཁ་གསལ་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་ཅན་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེའི་མདུན་བསུས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་བརྗིད་ཉམས་ཆེན་པོའི་ངང་ཁྱབ་བསྒྲགས་བྱས་ཡོད།
     ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“འདུན་པ་དྲག་པོའི་བློས་གཏོང་གྲངས་མེད་ཀྱིས།། གནམ་ས་འཕོ་བའི་བྱས་པའི་བྱེད་པོ་ནུས”ཞེས་པ་བཞིན་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད་ལ་ལོ་ངོ་བརྒྱ་ཡི་རིང་གསར་དུ་བཏོད་པའི་འགྲོ་ལམ་རླབས་པོ་ཆེ་དང་། བྱ་གཞག་རླབས་པོ་ཆེ། ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་ཡིན།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     ལོ་ངོ་བརྒྱའི་སྔོན་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གསར་འཛུགས་བྱས་ཏེ། བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ཀྱི་རེ་བ་ཆུ་ཟོད་དུ་མི་གཏོང་བ་བཅས་ཀྱིས་ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་གྲུབ་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་ཀྱང་ཡིན།
     ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ལེགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། དུས་ཡུན་རིང་པོའི་འབད་འཐབ་བྱེད་པའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཏོད་ནས། ཆབ་སྲིད་ཀྱི་གཤིས་རྒྱུད་དམིགས་བསལ་ཅན་ཞིག་ཐོབ་ཡོད། ལོ་རྒྱུས་ནི་བར་མེད་བཞུད་བཞིན་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱས་ཏེ། རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ནམ་ཡང་འཛིན་སྐྱོང་དང་གོང་སྤེལ་བྱེད་དགོས།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
    ལོ་བརྒྱའི་རིང་ལ་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོའི་གུང་ཁྲན་ཏང་མི་དང་། ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་སྐུ་ཚབ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས། ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
     མཚམས་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཆེད་དུ་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་། དེའི་སྲ་བརྟན་དང་། འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་གནང་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང། ཁྲེན་ཡུན་སོགས་གསར་བརྗེ་པ་རྒན་རབས་རྣམས་དང་། ཀྲུང་གོ་གསར་པ་བཙུགས་པ་དང་། དེའི་སྲུང་སྐྱོབ་དང་། འཛུགས་སྐྲུན་གྱི་ཆེད་དུ། དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཆེད་དུ། དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་དཔའ་བོ་རྣམས་དང་། ཀྲུང་གོའི་ཉེ་རབས་ཚུན་གྱི་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་འཐོབ་ཕྱིར་འབད་འཐབ་གནང་མཁན་མི་སྣ་བླ་ན་མེད་པ་རྣམས་ལ་སྙིང་དབུས་ནས་དྲན་གསོ་ཞུ་རྒྱུ་དང་། ཁོང་ཚོས་མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་རླབས་པོ་ཆེ་རྣམས་དུས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་རྒྱུ་དང་། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་དེ་དུས་ནམ་ཡང་མི་དམངས་ཀྱི་སེམས་ནང་བརྟན་པོར་ངེས་པ་བྱེད་དགོས།
     མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་དཔའ་བོ་ངོ་མ་དེ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་ཁག་དང་། ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཉེན་རྟོག་དྲག་ཆས་དམག་དཔུང་གི་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། མེ་གསོད་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་བཅས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་རང་མི་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་ཀྲུང་གོའི་མི་དམངས་དང་མཛའ་མཐུན་མཉམ་གནས་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     ཐོག་མའི་བསམ་འདུན་ཐོབ་སླ་ཡང་།། མགོ་མཇུག་མཐའ་འཁྱོངས་ནུས་པར་དཀའ།། ལོ་རྒྱུས་དཔེ་རུ་བཟུང་ན་དར་རྒུད་རྟོགས། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་བསམ་གཞིག་དང་མ་འོངས་ལ་རྒྱང་ལྟ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་སྔོན་ཆད་ང་ཚོར་རྒྱལ་ཁ་ཐོབ་དོན་གང་ཡིན་པ་དང་། འབྱུང་འགྱུར་ཇི་ལྟར་བྱས་ན་ང་ཚོས་མུ་མཐུད་གྲུབ་འབྲས་གཏོད་ཐུབ་པ་གསལ་པོར་ཤེས་པ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་སྲ་ཞིང་བརྟན་པ་དང་། དེ་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་ལོ180ལྷག་ཙམ་གྱི་ལོ་རྒྱུས་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ100ཡི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ལོ70ལྷག་ཙམ་གྱི་ལོ་རྒྱུས་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་མི་སྲིད་པ་ར་སྤྲོད་གང་ལེགས་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་རང་བཞིན་གྱི་ཁྱད་ཆོས་གཙོ་བོ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཤིག ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས་ཞིག་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་དམ་པོར་འབྲེལ་བ་ཞིག་ཀྱང་ཡིན།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན་གྱི་བསམ་ཕྱོགས”བློ་ལ་བརྟན་པོར་ངེས་ནས། ཏང་གིས་ཚན་རིག་དང་མཐུན་པའི་སྲིད་འཛིན་དང་། དམངས་གཙོའི་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རང་རེའི་ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་འབད་འཐབ་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་ལ་བརྩོན་པ་དང་རྒྱལ་སྲིད་སྲུང་བ་དེ་མཐར་གཏུག་ནས་བཤད་ན་དམངས་སེམས་སྲུང་བ་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་ནི་མི་དམངས་དང་། སྲོག་རྩ་དང་སྟོབས་ཤུགས་ཀྱང་མི་དམངས་ཡིན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མཚོན་པར་བྱས་ནས། མི་དམངས་དང་བདེ་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱེད་པ་ལས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་ལ་ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། དམིགས་བསལ་གྱི་ཚོགས་པ་ཅི་རིགས་ཀྱི་ཁེ་ཕན་གཏན་ནས་མཚོན་གྱི་མེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཁ་ཕྲལ་འདོད་པ་དང་། ཁ་གཏད་དུ་ལངས་བསམ་པའི་རེ་ངན་གང་ཞིག་ཡིན་རུང་ཚང་མ་གཏན་ནས་འགྲུབ་མི་ཐུབ་ཅིང་། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མི་ཁྲི9500ལྷག་ཙམ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་གྱིས་ཀྱང་ཁས་གཏན་ནས་ལེན་མི་སྲིད།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་མི་དམངས་ལ་རྒྱབ་རྟེན་དམ་པོ་བཅོལ་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་དང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར། བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་འཕེལ་རྒྱས་ལེགས་པོ་མ་བྱུང་བའི་གནད་དོན་དང་། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཆེ་བ། སེམས་ནད་ཡོད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ནས། མི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་དོན་དངོས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མངོན་གསལ་དོད་པ་ཐོབ་པ་བྱེད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་སྤེལ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་གཞི་རྩའི་མཛུབ་སྟོན་བསམ་བློ་ཡིན་པ་དང་། ང་ཚོའི་ཏང་གི་སྒྲེང་བའི་དར་ཆ་དང་བླ་སྲོག་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས། ཀྲུང་གོའི་དོན་དངོས་ལ་གཞིགས་ཏེ་དུས་རབས་ཀྱི་འཕེལ་ཕྱོགས་གསལ་རྟོགས། ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་བཅས་ཀྱི་ཐོག་ནས་དཀའ་སྤྱད་འཚོལ་ཞིབ་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྐུལ་སྤེལ་ཆད་མེད་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཇི་བཞིན་སྒྲུབ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་པ་དེ་མཐར་གཏུགས་ནས་བཤད་ན། མར་ཁེ་སིའི་རིང་ལུགས་ལག་ལེན་དུ་བསྟར་བའི་རྐྱེན་གྱིས་ཡིན།
    རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། མར་ཁེ་སིའི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས21པའི་མར་ཁེ་སིའི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གཞི་འཛིན་ས་ཡིན་ལ། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པ་ལས་ཐོབ་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བ་དང་དཀའ་ངལ་སྣ་ཚོགས་སྤྱད་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་ཅིག་ཀྱང་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་དང་། མིའི་རིགས་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་མཐའ་འཁྱོངས་བྱས་ནས “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་ཟབ་སྤེལ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ངང་ལག་བསྟར་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དེ་གོང་འཕེལ་སྤུས་ལྡན་ལ་སྐུལ་འདེད། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་འཕེལ་ལ་སྐུལ་འདེད། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། མི་དམངས་ཕྱུག་འགྱུར་དང་རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
     ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཆགས་པའི་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་བརྒྱའི་འབད་འཐབ་ཀྱི་ལག་ལེན་དང་ལོ70ལྷག་ཙམ་གྱི་སྲིད་སྐྱོང་དང་རྒྱལ་ཁབ་དར་རྒྱས་བཏང་བའི་ཉམས་མྱོང་ཡོད། ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕན་ལྡན་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་དང་དཔྱད་གཞི་ཧུར་ཐག་འཛིན་རྒྱུ་ཡིན་ལ། ཕན་ལྡན་གྱི་གྲོས་འགོ་དང་སེམས་བཟང་གི་སྐྱོན་བརྗོད་མཐའ་དག་ལ་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོས་རང་འདོད་བདེན་འཛིན་གྱི་རྣམ་འགྱུར་འཛིན་མཁན་ཚོའི་གཞུང་ལུགས་སྟོང་བཤད་ཀྱི་ཉམས་བརྡའི་བཀོད་འདོམས་དང་ལེན་གཏན་ནས་མི་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་བགྲོད་ལམ་ཐོག་མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་བསྐྱོད་དེ། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ཡིན།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བ་དང་། དམག་དཔུང་སྟོབས་དང་ལྡན་ཚེ་གཞི་ནས་རྒྱལ་ཁབ་བདེ་འཁོད་ཡོང་ཐུབ། ཏང་གིས་མེ་མདར་བཀོད་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་གིས་ཁྲག་དང་མེ་ལྕེའི་འཐབ་རྩོད་ནང་ཐོབ་པའི་བདེན་དོན་བསྙོན་མེད་ཅིག་ཡིན། ང་ཚོའི་མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་པས། དེ་ནི་གསར་བརྗེའི་སྲིད་དབང་སྲུང་སྐྱོབ་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་རྨང་གཞི་བརྟན་པོ་ཞིག་ཡིན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བཅས་ཀྱི་ཐོག་ནས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་དམག་དཔུང་འདི་བཞིན་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བཅས་བྱས་ཏེ་སྟོབས་ཤུགས་སྔར་ལས་ཆེ་བ་དང་། བྱ་ཐབས་སྔར་ལས་ཡིད་རྟོན་རུང་བའི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཞི་བདེ་དང་། འཆམ་མཐུན། མཐུན་སྦྱོར་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་5000ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་དོན་གཉེར་དང་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྩའི་ནང་དུ་མི་གཞན་ལ་བཙན་འཛུལ་དང་ང་ཆེ་ང་བཙན་བྱེད་པའི་གཞི་རྒྱུ་མེད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ནས་འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་དང་། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་འཕེལ་རྒྱས་སྤུས་ལྡན་ཡོང་བ་བཅས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་གཏོད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དེ་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཡོད་ཚད་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་དང་། མཉམ་ལས་ལས་ཁ་གཏད་དུ་མི་ལངས་བ་བྱ་རྒྱུ་མཐའ་འཁྱོངས། སྒོ་དབྱེ་ལས་བཀག་སྡོམ་མི་བྱེད་པ་མཐའ་འཁྱོངས། གཉིས་ཕན་མཉམ་ཐོབ་ལས་རྒྱལ་ཕམ་གྱི་རོལ་རྩེད་མི་རྩེད་པ་མཐའ་འཁྱོངས་བཅས་ཀྱི་ཐོག་ནས། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་གྱིས་ལོ་རྒྱུས་ཀྱི་འཁོར་ལོ་དེ་བཞིན་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་བཅས་བྱེད་དགོས།
     ཀྲུང་གོའི་མི་དམངས་ནི་དྲང་བདེན་ལ་བརྩི་མཐོང་དང་བཙན་ཤུགས་ལ་མི་སྐྲག་པའི་མི་དམངས་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་རང་རྟོན་གྱི་བསམ་པ་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱེད་མྱོང་མེད་པ་དེ། སྔོན་ཆད་བྱུང་མྱོང་མེད་ལ་ད་ལྟ་ཡང་མེད། ཕྱིན་ཆད་ཀྱང་དེ་བས་འབྱུང་མི་སྲིད། དེ་དང་ཆབས་ཅིག ཀྲུང་གོའི་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་གིས་ང་ཚོར་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱེད་དུ་མི་འཇུག སུ་ཞིག་གིས་འདི་ལྟར་བྱ་རྒྱུའི་རེ་སྟོང་བཅངས་ན། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་གྱིས་ཤ་ཁྲག་ལས་གྲུབ་པའི་ངར་ལྕགས་ལྟ་བུའི་ལྕགས་རིའི་མདུན་དུ་མགོ་ཐུག་ཁྲག་གཏོར་གྱི་ལས་དབང་ལས་གཞན་གང་མེད།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་བྱ་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱ་དགོས། ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་དེ་བས་ཉེ་བར་བཅར་བ་ཞིག་དང་། དེ་བས་ཡིད་ཆེས་དང་ནུས་པ་ལྡན་པ་ཞིག་ཡིན། དེ་དང་དུས་མཚུངས། ང་ཚོས་ངེས་པར་དུ་དཀའ་ཚེགས་དེ་བས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་ཅིག་ཀྱང་བྱེད་དགོས།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་། ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་དྲན་གྱི་བསམ་བློ་འཛིན་ཤུགས་ཆེ་རུ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བཅས་བྱས་ནས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་ལས་ཐོན་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་དང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བཅས་བྱས་ཐོག འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། ལམ་རི་བོ་ཡིན་ཀྱང་བཤགས་ཕོད་པ་དང་། ཆུ་གཙང་པོར་ཐུག་དུས་ཟམ་པ་བསྐྲུན་ཕོད་པའི་བློ་སྟོབས་ཤིག་གིས་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཕོད་པ་བཅས་བྱེད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་དགོས། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱེད་པ་བཅས་བྱས་ཏེ། ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་གང་ཐུབ་བྱེད་བཞིན་ཡོད། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཆོག་ནོར་ཞིག་ཡིན།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་མཐའ་འཁྱོངས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ངོས་འཛིན་གཅིག་མཐུན་གྱི་ཆ་རྣམས་གོང་བུར་འགྲིལ་ཤུགས་ཇེ་ཆེ། མི་སྣ་འཇོན་ཐང་ཅན་རྒྱ་ཁྱབ་ཏུ་བསྡུ་བ། མཐུན་ཆ་ཆེ་ཤོས་ཀྱི་ཆ་ལ་འཚོལ་ཞིབ་ཧུར་ཐག་དང་། དམངས་སེམས་གཅིག་མཐུན་གྱི་ཆ་ལེགས་ཤོས་ཤིག་བཏོད་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་བསམ་བློ་གཅིག་མཐུན་དང་ངར་ཤུགས་གཅིག་ཏུ་བསྒྲིལ་བའི་རྣམ་པ་གང་ལེགས་ཞིག་ཆགས་པ་བྱས་ཐོག མི་རིགས་བསྐྱར་དར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་བྱེད་དགོས།
     ལོ་རྒྱུས་དཔེ་རུ་བཟུང་ནས་མ་འོངས་གསར་དུ་གཏོད་པར་ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་འདི་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཅན་ཞིག་ཡིན། རང་རེའི་ཏང་གིས་བསྲེག་བཅད་བརྡར་གསུམ་བརྒྱུད་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་བྱུང་བ་དེའི་རྒྱུ་མཚན་གལ་ཆེན་ཞིག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལ་ཁ་གཏད་བཅག་ནས་ང་ཚོའི་ཏང་འདི་ཉིད་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཟབ་པོ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་གྱུར་བར་འགན་ལེན་ཏན་ཏིག་བྱས་པས་ཡིན།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་ནམ་ཡང་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ། ཏང་གི་ཆབ་སྲིད་ལེགས་སྐྱོང་སྤྱི་འདོམས་སུ་བྱས་ནས། དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་དོན་གསར་པར་མུ་མཐུད་སྐུལ་འདེད། ཏང་གི་རྩ་འཛུགས་མ་ལག་ཟམ་མི་ཆད་པར་དམ་དུ་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་པ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ཀྱིས་སྤེལ་བ། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་གི་ངང་ཚུལ་ལ་གནོད་སྐྱོན་གཏོང་བའི་རྒྱུ་རྐྱེན་ཐམས་ཅད་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་འདི་སྐྱོན་བྲལ་གྱི་ཆ་ལ་བསླད་སྐྱོན་གཏོང་བའི་ནད་དུག་ཐམས་ཅད་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། རྣམ་པ་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་འགན་ལེན་ཏན་ཏིག་གིས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་ཏང་འདི་བཞིན་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཞང་ཀང་སྐྱོང་བ ”“ཨའོ་མོན་པས་ཨའོ་མོན་སྐྱོང་བ”ཡི་ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་གནད་འཁེལ་བྱས་ཐོག ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་དོན་འཁྱོལ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་བཅས་བྱེད་དགོས།
     ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་འཁྱོངས་ལྷོད་མེད་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་གཅིག་མཐུན་ངོས་འཛིན”མཐའ་འཁྱོངས་བྱས་ནས་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཚང་མས་ཕྱར་བ་གྲུ་འདེགས་དང་། མཐུན་སྒྲིལ་མདུན་སྐྱོད་བྱས་ནས“ཐའེ་དབན་རང་བཙན”གྱི་ལྐོག་གཡོ་མཐའ་དག་ཐལ་བའི་རྡུལ་དུ་བརླགས་སུ་བཅུག་ཐོག ཐུན་མོང་ཐོག་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་དགོས་ལ། མི་སུ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་རྩ་བརྟན་པོ། འཇོན་ཐང་ཆེན་པོ་བཅས་ལ་སྣང་ཆུང་རྩ་བ་ནས་བྱེད་མི་རུང་།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     མ་འོངས་གཞོན་ནུ་རྣམས་ལ་དབང་བས་ན། རེ་བའང་གཞོན་ནུ་རྣམས་ལ་བཅོལ་བཞིན་ཡོད། ལོ་ངོ་བརྒྱ་ཡི་གོང་དུ་གཞོན་ནུ་ཁྱུ་གཅིག་གིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་དཔལ་འབར་མཐོན་པོར་བསྒྲེངས་ནས། རླུང་འཚུབ་ཁྲོད་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག ཀྲུང་གོའི་གཞོན་ནུས་མི་རབས་མང་པོར་ལང་ཚོའི་འབད་འཐབ་དེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཏུ་བཞག་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་ཀྲུང་གོ་བའི་བློ་སྟོབས་དང་། སྙིང་རུས། གདིང་ཤུགས་བཅས་ཆེ་རུ་བཏང་སྟེ། དུས་རབས་དང་། རང་གི་ལང་ཚོ། ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་བཅོལ་བ་བཅས་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     ལོ་ངོ་བརྒྱའི་སྔོན་དུ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཏང་ཡོན50ལྷག་ལས་མེད་ཅིང་། ད་ལྟ་ཏང་ཡོན་ཁྲི་9500ལྷག་ཡོད་པ་དེ་དག་གིས་མི་འབོར་དུང་ཕྱུར14ལྷག་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་འགོ་ཁྲིད་བྱེད་བཞིན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་སྲིད་འཛིན་ཏང་ཆེ་ཤོས་སུ་གྱུར་ཡོད།
     ལོ་ངོ་བརྒྱ་ཡི་གོང་དུ། ཀྲུང་ཧྭ་མི་རིགས་འདི་ཉིད་ཀྱིས་འཛམ་གླིང་ལ་མངོན་པ་ནི་ཉམས་རྒུད་དུ་སོང་བའི་རྣམ་པ་ཞིག་ཡིན་མོད། ད་ཆ་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ལ་མངོན་པ་ནི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཞིག་ཡིན་པ་དང་། སུས་ཀྱང་འགོག་མི་ཐུབ་པའི་གོམ་སྟབས་ཀྱི་ཐོག་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་པའི་རྣམ་པ་དེ་ཡིན།
     འདས་ཟིན་པའི་ལོ་ངོ་བརྒྱ་ཡི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྒྱུགས་ཤོག་ཕུལ་དུ་བྱུང་བ་ཞིག་ཕུལ་ཡོད། ད་ལྟ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་གྱི་ལམ་བུའི་ཐོག་སྐྱོད་དང་སྐྱོད་མུས་ཡིན།
     ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་ལ་ཞུ་རྒྱུར། ཏང་ཀྲུང་དབྱང་གིས་ད་ལྟ་ཁྱེད་ཚོར་འབོད་སྐུལ་བྱ་རྒྱུ་སྟེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་འདུན་དད་སེམས་བརྟན་པོ། ཏང་གི་དམིགས་ཡུལ་ལག་ལེན། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། སྐྱིད་སྡུག་མཉམ་མྱོང་བཅས་ཀྱིས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མུ་མཐུད་མངོན་འགྱུར་ཡོང་ཆེད། འབད་བརྩོན་ལྷོད་མེད་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་དགོས།
     བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།
     ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བྱ་གཞག་རླབས་ཆེན་ཞིག་བཏོད་ཅིང་། ལོ་བརྒྱའི་དུས་ནི་གཟི་དཔལ་རྒྱས་སྒང་ཡིན། འདས་ཟིན་པར་ཕྱིར་བལྟས་དང་། མ་འོངས་པར་རྒྱང་ལྟ་ཞིག་བྱས་ཚེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་འོག ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཡང་མངོན་འགྱུར་ཐུབ་ངེས་ཡིན།
     རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག
     རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་དཔའ་བོའི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག
中国藏文学术期刊网
中国藏学研究中心版权所有,未经允许不得转载使用     京ICP备06045333号-2
地址:北京市朝阳区北四环东路131号  邮编:100101